ཨ་ཅེ་འབྲོག་མོ།
ཁ་བ་གངས་ཀྱི་རི་བོ་བརྗིད་པའི་འདབས། །
ཧི་མ་ལ་ཡི་མཚར་སྡུག་འཕྲོག་པའི་ཞིང་། །
མཛེས་ལྡན་སཱ་ལ་ཀཱ་ཡི་མདངས་འཛིན་མ། །
ཨ་ཅེ་འབྲོག་མོ་ས་མཐོའི་མེ་ཏོག་ཡིན། །
འཛུམ་པའི་ཚེམས་ཀྱི་སྲུབས་ཀ་རེ་རེ་ནས། །
དགོད་པའི་བཞིན་གྱི་མུ་ཏིག་ཟིལ་པ་འཐོར། །
དབྱར་སྐྱེས་ཆུ་འཛིན་གསར་པའི་ལང་ཚོ་ཡིས། །
གྲགས་སྐར་བུ་མོའི་ཚོགས་ལ་ཅོ་འདྲི་བྱེད། །
དུས་བཞིའི་འགྱུར་བའི་ཚེགས་ཀྱིས་མ་མནར་ཞིང་། །
ནོར་ནག་སྐྱོང་བའི་ཁུར་གྱིས་མ་དུད་པར། །
འཚར་ལོངས་གོ་རིམ་དྲི་མས་མ་སྦགས་པའི། །
ས་མཐོའི་འབྲོག་མོའི་གཤིས་ཀ་དྭངས་ཤིང་གཙང་། །
གནག་སྣུམ་མགོ་སྐྱེས་གཡོ་བའི་ལན་བུའི་འོག །
སྤྱན་རིས་ཟླ་དཀར་འོ་མའི་མཚོ་མོ་འཁྱིལ། །
མཁུར་ཚོས་བྱུ་རུའི་མདངས་ཀྱིས་རབ་སྤུད་ཅིང་། །
སྦྲང་རྩིའི་རྒྱལ་མཚན་འཛུམ་པའི་མེ་ཏོག་འབུས། །
འཁྱོག་ཟུར་མིག་གི་འཕྱང་འཕྲུལ་མ་སྟོན་ཞིང་། །
ལུས་ཕྲའི་མཉེན་ལྕུག་ཡལ་ག་མ་སྒུལ་ཡང་། །
གཤིས་འཇམ་ཟེཊ་མ་བབས་པའི་འོད་དཀར་གྱིས། །
གཞན་ཡིད་གཙང་པོའི་མཛེས་སྡུག་དུད་པར་བྱེད། །
སྤྲིན་དཀར་ལང་ལོང་ལྡིང་བའི་མར་ཤོད་ན། །
ཤང་ཤང་ཆུ་བོ་བཞུར་བའི་འདབས་ཤིག་ན། །
སྔོ་ལྗང་ནེའུ་གསེང་གཡུ་ཡི་མཎྜལ་དཀྱིལ། །
ཨ་ཅེ་འབྲོག་མོ་མཚར་སྡུག་མེ་ཏོག་ཅིག །
མེ་ཏོག་སྡུག་གུའི་མགོ་ལྕོག་ལྡེམ་པའི་ཡུལ། །
མཐོན་པོ་བྲག་དཀར་གནམ་ལ་སྙེག་འདྲའི་ཞོལ། །
དབྱར་དགུན་སྐྱིད་སྡུག་གངས་ལ་བྲིས་དང་ལྷན། །
ལང་ཚོའི་མེ་ཏོག་གངས་རིའི་པང་དུ་བཏབ། །