དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • རིག་གནས་སྟོན་མོ་འཁྲུག་ཆ་དོད། རིག་དངོས་ཤུལ་བཞག་ཕུན་སུམ་ཚོགས།

    གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-28

    བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    འཁྲབ་སྟོན་པས་ལྷ་མོ་འཁྲབ་བཞིན་པ།

    ལྷ་མོ་བས་གདོང་ལ་མཛེས་བཟོ་བྱེད་བཞིན་པ།

    ལྷ་མོའི་འཁྲབ་གཞུང་འགྲན་བསྡུར་ཆེན་པོར་ཞུགས་མཁན་རུ་ཁག་གི་འཁྲབ་སྟོན་པས་གཞན་གྱི་འཁྲབ་སྟོན་ལ་ལྟ་བཞིན་པ།

    ལྷ་མོར་ལྟ་བཞིན་པའི་ལྟད་མོ་བ་ཆུང་ཆུང་ཡིན་པ།

    མང་ཚོགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་ཉོ་བཞིན་པ།

    འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས་མང་ཚོགས་ལ་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བ་དང་2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོའི་རིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་ལྷ་མོ་རུ་ཁག་19ཡིས་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་སྣ་ཚོགས་གཅིག་སྡུད་འགྲེམས་སྟོན་བྱས་ནས། བྱེད་སྒོ་སྤེལ་ཡུལ་གྱི་ལྟད་མོ་བ་ཚོར“མངོན་མིན་རིག་གནས་ཤུལ་བཞག་གི་གསོལ་སྟོན་གཟབ་རྒྱས”ཤིག་བཤམས་པ་རེད།

    བྱེད་སྒོ་འགོ་ཚུགས་མ་ཐག་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱས་པ་ལས་ས་ཡུལ་དངོས་སུ་ཚ་རླབས་ཆེན་པོ་ཞིག་འཕྱུར་ཞིང་། དེའི་ནང་རྣམ་གླིང་རྫོང་རྒྱ་མཚོ་ཤང་མགོ་ལེགས་གྲོང་ཚོའི་བྱིས་པའི་ལྷ་མོ་རུ་ཁག་གིས་འཁྲབས་པའི《རྔོན་པའི་འདོན》གྱི་དུམ་བུར་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    རྒྱ་མཚོ་ཤང་མགོ་ལེགས་གྲོང་ཚོའི་ལྷ་མོའི་རྒྱུན་འཛིན་གྱི་མི་རབས་བཞི་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གླིང་རྫོང་གི་བྱིས་པའི་ལྷ་མོ་རུ་ཁག་ཐོག་མ་ཡིན་པའི་ངོས་ནས།2022ལོ་ནས་བཟུང་། བྱིས་པའི་ལྷ་མོ་རུ་ཁག་གི་རུ་མི་31གིས་དགུན་གསེང་དང་དབྱར་གསེང་གི་དུས་ཚོད་གང་ལེགས་སྤྱད་དེ། ལྷ་མོའི་གདངས་དང་། ཚིག འཁྲབ་སྟངས་སོགས་ཀྱི་ནང་དོན་ཆ་ཚང་སྦྱངས་ཤིང་། མིག་སྔར་ལྷ་མོའི་དུམ་བུ་འགའ་ཞིག་རང་རྐྱ་འཕེར་བའི་ངང་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད།

    ཐང་སྟོང་རིག་གནས་ཀྱི་ལྷ་མོའི་འགྲན་བསྡུར་ཆེན་པོ་སྐབས་ལྔ་པའི་མཐའ་བསྡུར་ནི་བྱེད་སྒོ་ཧྲིལ་པོའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། འགྲན་བསྡུར་ལ་ཞུགས་མཁན་ལྷ་མོ་རུ་ཁག་15ཡིས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབས་པ་རེད།

    མིག་གི་སྟོན་མོ་བཤམས་པ་དང་ཆབས་ཅིག རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱལ་རྩེའི་བོད་རུམ་འཐག་རྩལ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཉུག་གྲོང་ཚོའི་རྫ་ཆས་བཟོ་རྩལ། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཕྱར་བའི་བསླས་འཐག་ལག་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་50དང་། དེ་བཞིན་མི་རིགས་ཀྱི་ལག་ཤེས་ཐོན་རྫས་དང་རྣམ་གླིང་རྫོང་གི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་གཅིག་སྡུད་འགྲེམས་ཚོང་བྱས་པར་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་འགྲེམས་ཚོང་ཁུལ་གྱི་ཚོང་པར་ཡོང་འབབ་མང་པོ་བྱུང་བ་མ་ཟད། སྔོན་ནས་མངགས་མཁན་ཡང་མང་པོ་བྱུང་ཡོད། རགས་རྩིས་བརྒྱབ་པ་ལྟར་ན། བྱེད་སྒོ་སྤེལ་རིང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཙོངས་པའི་ཡོང་འབབ་དངུལ་འབོར་སྒོར་ཁྲི་45ལྷག་ཙམ་ཟིན་ཡོད།

    རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་སྟོབས་རྒྱལ་གྱིས།“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི་སྐབས་འདིར། རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ནས་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་ཁྱབ་གདལ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།