མངོན་མིན་རིག་གནས་ལ་བརྟེན་ནས་མཛའ་མཐུན་གྱི་སེམས་པ་གཏོད་པ།
ཆུ་ཤུར་རྫོང་གི་ཞིང་འབྲོག་པ་ཅང་སུའུ་ཞིང་ཆེན་ཞེ་ཆའོ་གྲོང་རྡལ་དུ་བསྐྱོད་ནས་རིག་གནས་མཉམ་འདྲེས་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་སྐོར་གྱི་ཟུར་བྲིས།
ཉེ་ཆར། ཅང་སུའུ་ཞིང་ཆེན་ཅིང་ཅང་གྲོང་ཁྱེར་ཞེ་ཆའོ་གྲོང་རྡལ་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་འབྲོག་པ་ཅིང་ཅང་དུ་བསྐྱོད་པའི་གསོ་སྦྱོང་གོ་སྐབས་སུ་བརྩིས་ཏེ་རིག་གནས་མཉམ་འདྲེས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་ཀྱིས་སྤེལ་བ་རེད། ཆུ་ཤུར་རྫོང་གི་ཞིང་འབྲོག་པ་22ཡིས་རི་ཀླུང་མང་པོ་བརྒལ་ནས་ཅིང་ཅང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་དང་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འབྲི་ཆུའི་ངོགས་སུ་རྒྱ་བོད་མཛའ་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་འགྱུར་ཁུག་སྙན་མོ་དཀྲོལ་ཞིང་། རྩལ་ནུས་སྤེལ་རེས་དང་། རིག་གནས་སྤེལ་རེས། སྤྲོ་སྐྱིད་ཞབས་བྲོ་མཉམ་འཁྲབ་བཅས་ཀྱི་ཁྲོད་མཐུན་སྒྲིལ་གྱི་མཛེས་རིས་གསར་པ་ཞིག་མཉམ་དུ་བྲིས་ཡོད།
རྩལ་ནུས་སྤེལ་རེས་བྱས་ཏེ།
ལེ་དབར་སྟོང་ཕྲག་ཆོད་པའི་ལས་ཞུགས་ཀྱི་གསེར་ཟམ་བསྐྲུན་པ།
ས་མཐོའི་དྲོད་འཇམ་ཉི་འོད་དང་འབྱུང་འགྱུར་ལ་བཅངས་པའི་རེ་སྒུག་ཁྱེར་ནས་ཆུ་ཤུར་རྫོང་གི་ཞིང་འབྲོག་པ་22ཅིང་ཅང་གྲོང་ཁྱེར་ལས་རིགས་རྩལ་ནུས་སྤྱི་པའི་སྦྱོང་བརྡར་ལྟེ་གནས་སུ་བསྐྱོད་དེ། ཉིན་9རིང་གི“དམངས་སྲོལ་གནས་ཚང་གཉེར་སྐྱོང་གི་མཐུན་རྐྱེན་སྦྱོར་བའི་འགྲུལ་བཞུད”བྱེད་འགོ་ཚུགས་པ་རེད། ད་རེས་ཀྱི་གསོ་སྦྱོང་ནི་རྩལ་ནུས་སློབ་ཁྲིད་སྟབས་བདེ་ཙམ་མིན་པར་ཆུ་ཤུར་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཏེ་བརྟག་ཞིབ་ཟབ་མོ་དང་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་སྲིད་ཇུས་དབྱེ་ཞིབ་དང་། དམངས་སྲོལ་གནས་ཚང་གཉེར་སྐྱོང་། ཚོང་གཉེར་གསར་གཏོད་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས་གསོ་སྦྱོང་སློབ་ཚན་གནད་འཁེལ་བཀོད་སྒྲིག་བྱས་པ་རེད།
སྲིད་ཇུས་དབྱེ་ཞིབ་སློབ་ཚན་ཐད། ཆེད་ལས་འཆད་ཁྲིད་པས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ནས་སློབ་མར་ལས་རིགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ཁོར་ཡུག་དང་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་བྱེད་རོགས་བྱས་ཏེ། ཁོང་ཚོ་མ་འོངས་པར་དམངས་སྲོལ་གནས་ཚང་གཉེར་སྐྱོང་ནང་ཞུགས་རྒྱུར་སྲིད་ཇུས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
སྤྱི་ལེ་4000ལས་བརྒལ་ནས་རྩལ་ནུས་འབྲེལ་མཐུད་བྱས་པ་དེས་ཆུ་ཤུར་རྫོང་གི་ཞིང་འབྲོག་པར་ལས་ཞུགས་ཕྱུག་འགྱུར་གྱི་སྐས་རིམ་བསྐྲུན་པ་མ་ཟད། རྒྱ་བོད་མི་དམངས་ལ་མི་རིགས་མཉམ་འདྲེས་ཀྱི་ཚོན་མདོག་སྣ་བདུན་གྱི་འབྲེལ་ཐག་ཅིག་ཀྱང་བཟོས་ནས་ཕན་ཚུན་དབར་གྱི་འབྲེལ་བ་སྔར་བས་དམ་པ་དང་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད།
རིག་གནས་སྤེལ་རེས་བྱས་ཏེ།
ས་ཁོངས་བརྒལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་པ་ཉམས་སུ་མྱངས་པ།
ཏུང་ཧྥུའུ་མཚེའུ་སྤྱི་གླིང་གི་ཤིན་ཀང་དཔེ་ཁང་དེ་ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཡིད་དབང་འཕྲོག་ཤུགས་ཆེ་བའི་རིག་གནས་ཚོགས་ཁང་དུ་གྱུར་ཞིང་། དེ་གར་སློབ་མ་ཚོས་བརྙན་ཤེལ་བརྒྱུད་ཀོ་གྲུ་བཟོ་རྩལ་དང་ཐང་ཁ་འབྲི་རྩལ་མྱོང་རོལ་བྱས་ཡོད། བོད་རིགས་ཀྱི་སྲོལ་རྒྱུན་གྱི་ཆུ་ཐོག་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན་པའི་ཀོ་གྲུར་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་སྙིང་སྟོབས་འདུས་ཤིང་། དེ་བཟོ་རིམ་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་བཟོ་རྩལ་དང་རིག་གནས་ཀྱི་ཉིད་བཅུད་ཀྱིས་ཕྱུག་ཅིང་། ཐང་ཁ་འབྲི་རྩལ་ཕུལ་དུ་བྱུང་བ་དང་། ཚོན་མདངས་ཕུན་སུམ་ཚོགས་པ། མི་རིགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་བཅས་ཡོད་པས། ཅིང་ཅང་མང་ཚོགས་ཀྱིས་ཐག་ཉེ་ས་ནས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད།
དེ་དང་ཆབས་ཅིག་ཅིང་ཅང་སྨྱུག་བསླས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀྲང་ཅན་ཆིང་གིས་རང་ཉིད་ཀྱི་ལེགས་ཆ་བཏོན་ནས་བོད་རིགས་སློབ་མའི་སྣེ་ཁྲིད་དེ་འབྲི་ཆུའི་ལྷོ་རྒྱུད་ཀྱི་སྨྱུག་བསླས་ཀྱི་ལག་རྩལ་ཉམས་ལེན་བྱས་ཡོད། ཀྲང་ཅན་ཆིང་གི་ངང་རྒྱུད་རིང་བའི་མཛུབ་ཁྲིད་འོག་དང་སློབ་མ་ཚོའི་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་སྤུས་ལེགས་སློ་མ་རེ་རེ་གྲུབ་ཡོད།
མེ་ཕུང་སྒོར་གཞས་མཉམ་དུ་འཁྲབ་སྟེ།
མི་རིགས་མཐུན་སྒྲིལ་གྱི་སྤྲོ་སྣང་ལྡན་པའི་བསྟོད་གླུ་མཉམ་དུ་བླངས་པ།
ས་རུབ་རྗེས་གྲུ་ཁའི་གྲོང་ཁྱེར་དུ་མེ་ཕུང་སྤར་ནས་མི་རིགས་མཐུན་སྒྲིལ་གྱི་སྒོར་གཞས་དངོས་སུ་འཁྲབ་འགོ་ཚུགས།
སྒོར་གཞས་འགོ་ཚུགས་མ་ཐག་ཡུལ་དངོས་སུ་འཁྲུག་ཆ་ཧ་ཅང་དོད་པར་གྱུར་ཅིང་། རྒྱ་བོད་སྤུན་ཟླ་རྣམས་ཀྱིས་ལག་གདང་སྦྲེལ་ནས་མེ་ཕུང་ལ་བསྐོར་ཏེ་སྒོར་གཞས་འཁྲབ་པ་རེད། མེ་ཕུང་ལ་བསྐོར་ནས་སྒོར་གཞས་འཁྲབ་པ་ནི་སྤྲོ་སྣང་གིས་ཁེངས་པའི་འདུ་འཛོམས་ཤིག་ཡིན་པ་མ་ཟད། མི་ཚོའི་སེམས་པ་ཉེ་རུ་ཕྱིན་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཆེས་མཛེས་སྡུག་ལྡན་པའི་བྱེད་སྒོ་ཞིག་ཏུ་གྱུར་ཏེ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་ཡོད།
ད་ཐེངས་ཀྱི་རིག་གནས་མཉམ་འདྲེས་ཀྱི་བྱེད་སྒོ་རབ་དང་རིམ་པས་རྩལ་ནུས་གསོ་སྦྱོང་རྨང་རྡོར་བརྩིས་པ་དང་རིག་གནས་སྤེལ་རེས་འབྲེལ་ཟམ་དུ་བྱས་ཏེ“གསོ་སྦྱོང་གིས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱིས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། བརྩེ་དུང་གིས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་བདེ་བླག་ངང་བཙུགས་ཡོད།