གཞིས་རྩེ་གྲོང་ཁྱེར་དུ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་888དང་རྒྱུན་འཛིན་པ་897ཡོད་པ།
གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། ལུགས་མཐུན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རིམ་པ་བཞིན་འོས་སྦྱོར་རེ་ཞུ་དང་མིང་འདོགས་པར་ཤུགས་སྣོན་བརྒྱབ་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི“རིམ་པ་བཞིའི་མིང་གཞུང”མ་ལག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཏེ་རྒྱུན་འཛིན་པའི་སྐས་རིམ་འཛུགས་སྐྱོང་དང་ལས་རིགས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཐོག་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་དཀར་ཆག་ཁག་4དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་1 རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང་སྟེ། གྲངས་ཉུང་མི་རིགས་ཀྱི་ཡི་གེའི་རྩ་ཆེའི་དཔེ་རྙིང་ཁག་13(པོ་ཏི)དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི་2 རྣམ་གྲངས་ཁྲིད་སྦྱོང་རྟེན་གཞི་32བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་888དང་རྒྱུན་འཛིན་པ་897ཡོད་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ཐད། གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པ་ལེགས་སྒྲུབ་བྱས་ཏེ《ཆུ་མིག་ཆུ་འཁོར》སོགས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བདེན་དཔང་ཐུབ་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གཅིག་སྔོག་འདོན་བྱས་པ་དང་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་32རང་སྐྱོང་ལྗོངས་རིམ་པའི་མིང་གཞུང་ལ་འོས་སྦྱོར་རེ་ཞུའི་ལས་དོན་ཧུར་ཐག་སྤེལ་ནས། མངོན་མིན་རིག་གནས་ཤུལ་བཞག་ལས་དོན་དེ་ཕྱི་ངོས་ནས་ཡོངས་བཤེར་བྱེད་པ་ནས་ལོ་རྒྱུས་རིག་གནས་ཀྱི་སྙིང་དོན་སྔོག་འདོན་བྱེད་པའི་བར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།