དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས། ཀོ་གྲུ་བཟོ་བའི་རྩལ་ལ་མཁས།

    —— མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་གི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-21

    2025ལོར་བོད་རང་སྐྱོང་ལྗོངས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཚེ་རིང་གིས་ཀོ་གྲུ་བཟོ་བཞིན་པ།

    ཀོ་གྲུ།

    འཇུན་པ་ལག་ཤེས་ཀོ་ཆས་ལས་སྣོན་མཉམ་ལས་ཁང་གི་ལག་བཟོས་ཀོ་ཕད།

    ཚེ་རིང་གིས་ལྕང་ནག་སྤྱད་དེ་ཀོ་སྒྲོམ་བཟོ་བཞིན་པ།

    ཉེ་ཆར། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁུལ་ནས“བོད་ཀྱི་ཉ་པའི་གྲོང་ཚོ་འབའ་ཞིག”ཏུ་གྲགས་པའི་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོར་བསྐྱོད།

    འཇུན་པ་གྲོང་ཚོ་ནི་སྐྱིད་ཆུའི་སྨད་རྒྱུད་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་གནས་ཤིང་། ཕྱོགས་གསུམ་རི་བོས་བསྐོར་ཞིང་། ཕྱོགས་གཅིག་གཙང་པོར་གཏད་ཡོད། “ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བའི་གཞུང་ལམ་དང་ཟམ་པ་མ་སྐྲུན་གོང་། ཀོ་གྲུ་ནི་ང་ཚོ་ཕྱི་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་གཅིག་པུ་དེ་རེད”ཅེས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུན་པ་ཀོ་ཆས་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་གིས་བཤད།

    གྲོང་ཚོ་རི་ཆུས་བསྐོར། ཀོ་གྲུས་འབྲེལ་ཟམ་བཏོད།

    བོད་དུ་ཆུ་བོ་ཆེན་པོ་དང་གཙང་ཆེན་མང་ཞིང་། ས་བབ་རྙོག་འཛིང་ཆེ་ལ། གཙང་གཞུང་དུ་བྲག་རྡོ་མང་བས། ཆུ་བོ་འབབ་ཤུགས་ཤིན་ཏུ་དྲག་པོ་ཡོད། གཙང་འགྲམ་དུ་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་མེས་པོ་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་བསྟུན་ནས་ས་གནས་དེ་གའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆུ་སྒྲོལ་ཡོ་བྱད་ཀོ་གྲུ་གསར་གཏོད་བྱས།

    ད་ལོ་ལོ་66ལ་སླེབས་པའི་ཚེ་རིང་གི་ཕའང་དེ་སྔ་གྲོང་ཚོའི་ཀོ་གྲུ་བཟོ་མཁན་ཞིག་རེད། ཁོང་གི་བག་ཆཌ་ནང་འཇུན་པ་གྲོང་ཚོར་ས་ཞིང་དཀོན་པའི་ཁར། ས་ཞིང་ཕྲན་བུ་ཡོད་པ་དེ་དག་ཀྱང་བྱེ་ས་ཡིན་པས་ལོ་ལྟར་ཐོན་འབབ་ཡག་པོ་མེད་ཅིང་། ཁོང་གི་ཕས་གཙོ་བོ་ཀོ་གྲུ་དང་ཀོ་ཆས་བཟོ་བའི་ལག་ཤེས་ལ་བརྟེན་ནས་ནང་མི་རྣམས་ཀྱི་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད།

    ཚེ་རིང་གིས་ཀོ་གྲུ་བཟོ་བའི་ལག་ཤེས་སྐོར་གླེང་སྐབས་གཏམ་གྱི་སྒོ་མོ་ཕྱེ། ཁོང་གིས་ཀོ་གྲུ་གཅིག་ལ་ཉུང་ཤོས་ལའང་གཡག་ཀོ་ཆ་ཚང་4དགོས་པ་དང་། ཀོ་སྒྲོམ་བཟོ་བར་ད་དུང་ཤིང་ཆ་མི་འདྲ་བ་གཉིས་གྲ་སྒྲིག་བྱེད་དགོས་པ་སྟེ། གཅིག་ནི་བོད་ཀྱི་ལུང་གཞུང་མང་ཆེ་བར་ཡོད་པའི་ལྕང་ནག་ཡིན་ཞིང་། ཤིང་དེ་མཉེན་ཆ་ཆེ་བས་འཕྲེད་དུ་རྐང་7བཏང་ནས་ཀོ་སྒྲོམ་བཟོ་ཆོག་པ་དང་། གཅིག་ཤོས་ནི་སྐྱེ་ཡག་ཡིན་པ་དེ་གཞུང་དུ་རྐང་4བཏང་ནས་ཁ་ཤིང་བྱས་ཆོག ཤིང་ཆ་དེ་དག་ཀོ་གྲུ་མ་བཟོས་གོང་གི་ཉིན་གཅིག་ནས་གྲ་སྒྲིག་བྱེད་དགོས་ལ། སྔོན་ནས་ཉི་སྐམ་ཟླ་བ་གཅིག་ཡས་མས་གཏོང་དགོས་ཞེས་བཤད།

    སྲོལ་རྒྱུན་མ་ཉམས་རྒྱུན་འཛིན་གྱིས། གསར་གཏོད་བྱེད་བཞིན་མདུན་དུ་སྐྱོད།

    ཚེ་རིང་གིས་འཇུན་པ་གྲོང་ཚོའི་ཕྱོགས་བཞི་རི་ཆུས་བསྐོར་ཡོད་པས་ཕྱི་ཕྱོགས་སུ་འགྲོ་བར་ཡིན་གཅིག་ཀོ་གྲུར་སྡོད་དགོས་ཀྱི་ཡོད། དེར་བརྟེན་ཀོ་གྲུ་བཟོ་བའི་ལག་ཤེས་ནི་འཇུན་པ་གྲོང་ཚོར་མི་རབས་ནས་རབས་བར་རྒྱུན་འཛིན་བྱུང་བའི་ལག་ཤེས་ཤིག་རེད་ཅེས་བརྗོད།

    མ་གཞི་ཀོ་གྲུ་བཟོ་བའམ་ཡང་ན་གཞན་གྱི་ཀོ་གྲུར་ལྷན་པ་རྒྱག་རོགས་བྱེད་པའི་ལག་ཤེས་ཀྱིས་ཚེ་རིང་ཁྱིམ་གྱི་འཚོ་བའི་འཁོས་ཀ་ལེགས་སུ་སོང་མོད། འོན་ཀྱང་ནང་མི་མང་བར་བརྟེན་འཚོ་བ་སྔར་བཞིན་འ་ཆད་འུ་ཐུག་གི་གནས་སུ་གྱར།

    དེར་བརྟེན། ཚེ་རིང་གིས་གཞོན་དུས་ཕའི་དྲུང་ནས་ཀོ་གྲུ་དང་ཀོ་ཆས་བཟོ་རྩལ་སྦྱངས་པ་མ་ཟད། གྲོང་ཚོའི་ན་གཞོན་ཚོ་དང་མཉམ་དུ་འཚོ་ཐབས་གཞན་ཡང་འཚོལ་བར་བྲེལ། ལོ་དེ་དག་རིང་། ཁོང་གིས་ཞོར་ལ་སྲོལ་རྒྱུན་གྱི་ཚོན་གཏོང་སྟངས་སྦྱོང་བ་དང་སྦྲགས་ལྷ་སར་བོད་བཟོའི་ཁྱིམ་ཆས་དང་ཤིང་སྒམ་ལ་ཚོན་གཏོང་བ་དང་། ཅུང་སྟབས་བདེ་བའི་ཡུལ་ལྗོངས་དང་བཀྲ་ཤིས་རྟགས་བརྒྱད་སོགས་འབྲི་ཤེས་ལ། བོད་བཟོའི་ཁང་པར་ཚོན་སྣ་ཚོགས་གཏོང་གི་ཡོད།

    དུས་རབས་འཕོ་འགྱུར་ཕྱིན་པ་དང་སྦྲགས་ལག་ཤེས་རྒྱུན་འཛིན་བྱ་ཆེད། ཚེ་རིང་དང་གྲོང་མི་རྣམས་ཀྱིས་ལྟ་བར་འགྱུར་ལྡོག་འགྲོ་བཞིན་མཆིས། 2004ལོར། ཚེ་རིང་དང་གཅུང་པོས་མཉམ་དུ་འཇུན་པ་ལག་ཤེས་ཀོ་ཆས་ལས་སྣོན་མཉམ་ལས་ཁང་བཙུགས་ནས་གཙོ་བོ་ཀོ་གྲུ་དང་། ཐང་ཁུག ཇ་ཁུག་སོགས་ཀྱི་བཟོ་རྩལ་ཐོན་རྫས་དང་དེ་བཞིན་ཀོ་ཕད་སྣ་ཚོགས་བཟོ་གི་ཡོད།

    2005ལོར། སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་སྒྲོལ་བའི་ཟམ་ཆེན་གཉིས་བསྐྲུན་ནས་དངོས་སུ་ཤར་གཏོང་ཐུབ་རྗེས། ས་ལམ་ཕྲ་མོ་ཞིག་གིས་འཇུན་པ་གྲོང་ཚོ་དེ་ཉིད་ལྷ་ས་དང་ལྷོ་ཁར་འབྲེལ་མཐུད་ཐུབ་ཡོད། དེ་རྗེས་ཕྱི་ཕྱོཌ་སུ་སྐྱོད་པའི་སྣུམ་ནག་ལམ་གྲོང་ཚོའི་མདོར་བཟོས་པ་དང་བསྟུན་ནས་འཁོར་རིགས་སྣ་ཚོགས་དེ་སྔ་འཇུན་པ་གྲོང་ཚོའི་མི་རྣམས་ཕྱོགས་ལ་ཐོན་པའི་འགྲིམ་འགྲུལ་ཡོ་བྱད་འབའ་ཞིག་ཡིན་པའི་ཀོ་གྲུའི་ཚབ་ཏུ་གྱུར།

    དུས་རབས་འཕོ་འགྱུར་གོང་ནས་གོང་དུ་འཕེལ། ལག་ཤེས་རྙིང་པར་གསོན་ཤུགས་གསར་པ་རྒྱས།

    2010ལོར། ཚེ་རིང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུན་པ་ཀོ་ཆས་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས། ཚེ་རིང་གིས་ཉེ་བའི་ལོ་བཅུ་ཙམ་རིང་། ང་དང་གཅུང་པོ་ལྗོངས་ཕྱིར་འགྲེམས་སྟོན་སྣ་ཚོགས་ལ་ཐེངས་མང་ཞུགས་མྱོང་ལ། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་བཅས་ཀྱིས་ལྗོངས་ཕྱིར་ལྟ་སྐོར་དང་སློབ་སྦྱོང་ལ་ཐེངས་མང་བཏང་བྱུང་། ས་ཆ་གཞན་དུ་འགྲོ་རིམ་བཞིན་ལག་ཤེས་པ་སྣ་ཚོགས་འཕྲད་བྱུང་ལ་མྱོང་ཚོར་ཡང་གསར་པ་མི་ཉུང་བ་བྱུང་ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། འཇུན་པ་གྲོང་ཚོར་ལྟ་སྐོར་སྤྲོ་གསེང་ལ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཀོ་གྲུ་དང་ཀོ་རྩེད་ནི་འཇུན་པ་གྲོང་ཚོའི་ཡུལ་སྐོར་གྱི་མིང་བྱང་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད། ཚེ་རིང་གིས་ཉེ་བའི་ལོ་གཉིས་རིང་ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ལྷ་སར་ཀོ་གྲུ་འགྲན་བསྡུར་གཉེར་བས་ཀོ་གྲུའི་ལག་ཤེས་ལའང་དཔའ་རྩལ་ངོམ་ས་ཞིག་འདུག་ཅེས་བཤད།

    ད་ཆ། འཇུན་པ་གྲོང་ཚོར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། གསར་དུ་བརྒྱབ་པའི་བོད་བཟོའི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གང་སར་མཐོང་རྒྱུ་ཡོད་ལ། གྲོང་ཚོས་ད་དུང་སྐྱེ་ཁམས་ཆུ་རྒྱུད་དང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ། མངོན་མིན་རིག་གནས་བསམ་བཀོད་ལྟེ་གནས་སོགས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་གྲངས་གང་མང་ཞིག་སྐྲུན་བཞིན་ཡོད། འགྱུར་ལྡོག་དེ་དག་ལས་དེ་སྔ་རི་ཆུས་ཆོད་པའི་ཉ་པའི་གྲོང་ཚོ་ཆུང་ངུ་དེར་གསོན་ཤུགས་གསར་པ་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།