གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་མིང་དང་ཚིག་གི་འགྱུར་སྐྱོན་སྐོར་རོབ་ཙམ་གླེང་བ།
དང་པོ། མིང་གི་འགྱུར་སྐྱོན་བཤད་པ།
གཅིག མིང་རང་བཟོ་བྱས་པ།
སྤྱིར་བོད་ཡིག་གི་གསར་འགྱུར་ཕལ་ཆེ་བ་རྒྱ་ཡིག་གཙོས་པའི་ཡིག་རིགས་གཞན་ནས་ཚུར་ལོ་ཙཱ་བྱས་པ་ཤ་སྟག་ཡིན་སྟབས། འགྱུར་མར་རྒྱ་ཡིག་བརྡ་སྤྲོད་ཀྱི་ཤན་ཞུགས་པ་སོགས་འགྱུར་སྐྱོན་གང་མང་ཞིག་འཐོན་བཞིན་ཡོད་ཅིང་། གཞན་ད་དུང་ཐ་སྙད་གང་ཞིག་ཐད་སྒྱུར་རམ་ཡང་ན་གསར་བཟོ་བྱེད་མིན་ཐད་ལོ་ཙཱ་བ་མང་པོ་མགོ་རྨོངས་བཞིན་ཡོད།
དེང་རབས་ཀྱི་མཁས་པ་ཆེ་མོ་མའོ་ཏུན་གྱིས། ཐད་སྒྱུར་ཟེར་བ་ནི་མ་ཡིག་གི་རྣམ་པ་ལོག་སྒྱུར་མི་བྱེད་པ་ཞིག་ལས། མ་ཡིག་དང་སྒྱུར་ཡིག་གཉིས་ཡི་གེ་རེ་རེ་བཞིན་ཐོད་གཏུགས་པ་དང་། ཡིག་འབྲུ་གཅིག་གིས་མིང་ཚིག་གཅིག་མཚུངས་ཀྱི་སྒྱུར་སྟངས་ལ་མི་ཟེར་བ་དང་། དེ་ལྟ་བུ་གཏན་ནས་ཡོད་མི་སྲིད། གལ་ཏེ་དེ་ལྟར་བསྒྱུར་ན་དེ་ལ་བཙན་སྒྱུར་ཟེར་ཞེས་བསྟན་ཡོད། ཐ་སྙད་ཐད་སྒྱུར་བྱེད་སྐབས་ནང་དོན་གོ་བདེ་རྟོགས་སླ་ཡིན་པ་གང་ཞིག བོད་སྐད་དུ་བསྒྱུར་རྗེས་ཀློག་པ་པོས་ཀྱང་དེ་བཞིན་འཕྲལ་མར་རྟོགས་ཐུབ་པ་ཞིག་ཡིན་ན་ཐད་སྒྱུར་བྱས་ཆོག
རྒྱའི་ཐ་སྙད་མང་པོ་ཞིག་ནི་བོད་རང་སྐད་ལ་ཡང་ཡོད་པས་དེ་ལ་ཐད་སྒྱུར་དང་བསྐྱར་སྒྱུར་བྱེད་དགོས་མེད། ཡིན་ཡང་། མི་མང་པོས་གསར་འགྱུར་གྱི་ཐ་སྙད་སྒྱུར་སྐབས་བོད་སྐད་དུ་ཐ་སྙད་དེ་ཡོད་བཞིན་དུ་ཨ་ན་ཨུ་ཚུགས་ཀྱིས་ཐད་སྒྱུར་དང་གསར་བཟོ་བྱེད་བཞིན་ཡོད། དཔེར་ན། རྒྱ་སྐད་དུ། “阻挡、 牲畜退化、人工流产”སོགས་བོད་སྐད་དུ་བཀག་པ་དང་། ཕྱུགས་གཡང་ཉམས་པ། སྲིད་བཤིག་པ་སོགས་ཤོད་སྲོལ་ཡོད་ཀྱང་། བཙན་གྱིས་བཀག་འགོག་བྱེད་པ་དང་། ཕྱུགས་ཟོག་ཞན་དུ་འགྲོ་བ། མིའི་ཐབས་ཀྱིས་ཕྲུ་གུ་ཤོར་དུ་བཅུག་པ་སོགས་སུ་བསྒྱུར་བ་ལྟ་བུ།
གཉིས། མིང་གཅིག་གྱུར་མ་བྱུང་བ།
དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས། ཐ་སྙད་གསར་པ་མང་པོ་ཐོན་དང་འཐོན་མུས་ལགས་ན། ལོ་ཙཱ་བས་དཀའ་ངལ་ལ་མ་འཛེམས་པར་ཐ་སྙད་དེ་དག་དུས་ཐོག་ཏུ་ལོ་ཙཱ་བྱེད་དགོས་པ་སྨོས་མ་དགོས། འོན་ཀྱང་། དེ་དག་ཚུར་སྒྱུར་བའི་གོ་རིམ་ཁྲོད་དཀའ་རྙོག་ཆེན་པོ་འཕྲད་ངེས་པ་དཔེར་ན། གསར་བྱུང་ཐ་སྙད་རྣམས་མཐའ་གཅིག་ཏུ་གཅིག་གྱུར་ཡོང་དཀའ་བ་དང་། ལོ་ཙཱ་བས་རང་འདོད་ལྟར་དུ་བསྒྱུར་བ་ལས་གཞན་གྱིས་སྔོན་ཆད་སྒྱུར་ཡོད་མེད་ལ་མི་ལྟ་བ། གསར་བྱུང་ཐ་སྙད་དེ་དག་ནི་ཐོག་མར་ཚད་ལྡན་གྱི་ཡིག་སྒྱུར་ལས་ཁུངས་མ་བརྒྱུད་པར་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་གསར་འགྱུར་གྱི་དུས་ཐོག་རང་བཞིན་ལ་བརྩི་སྲུང་ཞུ་ཆེད་གསར་འགྱུར་ཐོན་མ་ཐག་ནས་རང་གིས་བསམ་ཚུལ་ལྟར་དུ་བསྒྱུར་བ་ལྟ་བུ། དཔེར་ན། བོད་ཡིག་ཚགས་པར་ག་གེ་མོའི་པར་ངོས་བཞི་པར། ལོ་གསུམ་ནང་མ་འཇོག་སྒོར་ཁྲི་665བཏང་ནས་འཁྲིག་ཤིང་གི་མུ་གཞུང་ཆུ་རྫིང་དང་ཝ་གཞུང་ཆུ་རྫིང་སོགས་རྣམ་གྲངས་10ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་253བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་དང་xxཤང་གི་རྨང་བརྟན་དམངས་ཕན་ལུག་བལ་འཁེལ་འཐག་བཟོ་གྲྭ་སོགས་རྣམ་གྲངས་6ལག་བསྟར་བྱས་པ་ཞེས་པའི་གསར་འགྱུར་ཞིག་བཀོད་འདུག་ཅིང་། འདི་ལས་གསལ་བ་ནི། རྒྱ་ཡིག་གི“投资”ཞེས་པ་ལ་མ་འཇོག་དང་མ་དངུལ་སོགས་སྣ་ཚོགས་སྤྱད་པ་དང་། ད་དུང“项目”ཞེས་པའང་རྣམ་གྲངས་དང་ལས་གཞི་ཞེས་སྒྱུར་སྟངས་མི་འདྲ་བ་གཉིས་ཙམ་རྒྱུག་ཆེ་བ་ལྟ་བུ། ད་དུང་ཨ་མདོ་དང་། དབུས་གཙང་། ཁམས་ཁུལ་གསུམ་ལ་ཡང་རང་སོ་སོའི་སྒྱུར་སྟངས་མི་གཅིག་པ་ཡོད་པ། དཔེར་ན། “校长、 火柴、 零”སོགས་ཨམ་སྐད་དུ་རེ་རེ་བཞིན་དུ་སློབ་གཙོ་དང་། འབར་ཞུན། ཐིག་ལེ་དང་། དབུས་སྐད་དུ་སློབ་སྤྱི་དང་། མུ་ཟི། ཀླད་ཀོར་ཞེས་འབོད་པ། ཁམས་སྐད་དུ་སློབ་གཙོ་དང་། ཙག་སྒྲ གོར་ཐིག་ཅེས་བརྗོད་པ་ལྟ་བུ།
གཉིས་པ། ཚིག་གི་འགྱུར་སྐྱོན་བཤད་པ།
གཅིག ཡུལ་སྐད་ཀྱི་དབང་དུ་སོང་བའི་སྐྱོན།
ཡུལ་སྐད་ནི་གསར་འགྱུར་དྲིལ་བསྒྲགས་དང་ཁྱབ་སྤེལ་གྱི་ཁྱད་ཆོས་ཤིག་ཡིན་སྲིད་ནའང་། གསར་འགྱུར་ཡིག་ཐོག་ཏུ་འབེབས་སྐབས་ཡིག་སྐད་སྤྱོད་དགོས་པ་ཡིན། གལ་ཏེ་ངེས་པར་དུ་ཡུལ་སྐད་ཀྱི་ཆ་ཞིག་བསྲེས་དགོས་ན། སློབ་གྲྭ་ནས་མ་ཐོན་བར་ཞེས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཕྲད་སྦྱོར་དགོས་ཀྱང་། སློབ་གྲྭ་མ་ཐོན་བར་ཞེས་ཡུལ་སྐད་དམ་ཁ་སྐད་ཇི་བཞིན་སྤྱོད་པ་དང་། དེ་མིན་དཔེར་ན། “པ་སངས་བུ་ཁྲིད་ལགས་ཀྱིས་ཕར་གཡས་ཚུར་གཡས་བྱས་ནས་སྒོར་ལྔ་སྟོང་བསགས་རྗེས་ཁྱིམ་ཚང་གི་ཕག་པ་གསོ་ཚགས་གཉེར་འགོ་ཚུགས”ཞེས་པ་ལྟ་བུ་ལས། “ཕར་གཡས་ཚུར་གཡས”ཞེས་པ་ནི་ཨམ་སྐད་སོགས་སུ་སྤྱོད་སྲོལ་མེད་སྟབས། དོན་གོ་མི་ཐུབ་པའི་གནད་དོན་འབྱུང་སླ།
གཉིས། མ་ཡིག་ལ་བསྟུན་དྲག་པ།
སྤྱིར་ལོ་ཙཱ་བྱེད་སྐབས་མ་ཡིག་ལ་བསྟུན་དགོས་རྒྱུ་ནི་ལོ་ཙཱའི་རྩ་དོན་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་། དེ་ལ་ཡང་ཚད་ཅིག་ཡོད་དེ། མ་ཡིག་ལ་བསྟུན་པའི་ཆེད་དུ་བཙན་སྒྱུར་སོགས་བྱས་ན་དེ་ལ་ཡང་དེར་བསྟུན་གྱི་སྐྱོན་འབྱུང་སྲིད་པས། གསར་འགྱུར་ལོ་ཙཱ་བྱེད་སྐབས་མ་ཡིག་ལ་བསྟུན་དགོས་མོད། ཧ་ཅང་བསྟུན་དྲག་ན་ཡང་སྐྱོན་འབྱུང་བས་ཚད་དང་རན་པའི་སྒོ་ནས་བསྒྱུར་རྒྱུ་གལ་ཆེ། དཔེར་ན། 《གསར་འགྱུར་གྱི་སྐྱོན་སེལ་ཞོགས་པའི་སྐྱ་རེངས》ཞེས་པར། “ཚོང་འགུག་མ་འདྲེན་བྱས་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན་དང”ཞེས་པ་ལས། “ཚོང་འགུག་མ་འདྲེན”ནི་རྒྱ་ཡིག་གི“招商引资”ཞེས་པ་ཐད་སྒྱུར་བྱས་ནས་བྱུང་བ་ཞིག་ཡིན་ཞིང་། དེར་ཡིག་འབྲུའི་གྲངས་སོགས་བཙན་གྱིས་གཏུག་ཡོད་ནའང་། འགྱུར་མ་གང་དེ་ནང་དོན་དང་མི་འཚམ་པར་སྙམ་སྟེ། “ཚོང་འགུག”ཅེས་པ“招商”གི་དོན་ཡིན་པའི་དབང་དུ་བཏང་ན་ཡང་། “མ་འདྲེན”ཞེས་པ“引资”ཡི་དོན་དུ་མི་འགྲོ་སྟེ། བོད་ཡིག་གི་བརྡ་སྤྲོད་ལྟར་ན། མ་ནི་ཨ་མ་དང་དགག་སྒྲའི་ཕྲད་དུ་གོ་བ་མང་བ་ལས་མ་དངུལ་ལ་གོ་བ་ལེན་མཁན་ཅུང་ཉུང་བ་ཡིན། དེས་ན། “引资”ཞེས་པ་མ་འདྲེན་དུ་བསྒྱུར་ན་ཅུང་གོ་བ་ལེན་དཀའ། དེ་ནི་གཙོ་བོ་མ་ཡིག་ལ་བསྟུན་ཆེད་བཙན་སྒྱུར་བྱས་པའི་རྟགས་སུ་འཁུམས་སོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ཚེ་ཁོས)