ཕ་ཡུལ་གྱི་འཕོ་འགྱུར་ལས་ཁྱེད་ཀྱི་བཀའ་དྲིན་དྲན།
ང་རང་ནི་ལོ་རབས་དགུ་བཅུ་པའི་ནང་དུ་སྐྱེས་པའི་མི་ཞིག་ཡིན་པས། ཁྱེད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་དཀའ་ཚེགས་ཀྱི་ལམ་བུ་དང་། དྲག་ཆར་རླུང་འཚུབ་ཀྱི་ལོ་ཟླ། བརྗེད་དཀའ་ཞིང་དྲན་གསོར་འོས་པའི་ཁྱེད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་དུས་མཚམས་རེ་རེ་དངོས་སུ་བརྒྱུད་མྱོང་མེད་ཀྱང་། ཨ་མའི་ཞིམ་མངར་ནུ་ཞོའི་གསོ་སྐྱོང་འོག་རིམ་བཞིན་ནར་སོན་ཏེ། འཇིག་རྟེན་འདིའི་དོན་དག་མང་པོར་རྒྱུས་མངའ་ཐན་ཐུན་ལོན་པ་ནས་ད་ལྟའི་བར། ཕ་ཡུལ་གྱི་འགྱུར་ལྡོག་རེ་རེ་མིག་མཐོང་ལག་ཟིན་ཐུབ་དུས། མ་ཡུམ་གངས་ལྗོངས་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ཡིད་ལ་ཡང་ཡང་དྲན་ཞིང་། ཏང་གི་ཡང་དག་པའི་དབུ་ཁྲིད་དང་། དོན་དངོས་ཀྱིས་ར་སྤྲོད་ཐུབ་པའི་སྦྲང་ཆར་ཟིལ་མ་ལྟ་བུའི་མཛད་ཕྱོགས་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག ཕ་ཡུལ་གྱི་སྐྱ་ཐེར་ཐེར་གྱི་རི་ལུང་ཐང་གསུམ་རིམ་གྱིས་སྣུམ་ཤིག་ཤིག་ཏུ་གྱུར། ཞིང་འབྲོག་ལས་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་པ་མ་ཟད། ཡང་སྒོས་སུ་ཕ་ཡུལ་གྱི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལྗིད་ཏིག་ཏིག་གི་གཡུར་ཟའི་གྲུབ་འབྲས་རེ་རེས། ང་རང་ལྟ་བུའི་རི་ཁུལ་གྱི་སྣབས་ལུད་འཛར་འཛར་གྱི་བྱིས་པ་ཇི་སྙེད་ཅིག་ཚེ་གང་རིང་ཐལ་རྡུལ་གྱི་ཀློང་དུ་ཕ་མེས་ཡང་མེས་རྣམས་དང་འདྲ་བར། འཇོར་དང་སྦྱག་མ་གྲོགས་སུ་བཀུག་ནས་ཡིག་རྨོངས་བའི་བརྟུལ་ཞུགས་བཟུང་སྟེ་བསྐྱར་ཟློས་ཀྱི་འཚོ་བ་སྐྱེལ་དགོས་མེད་པར། སྨྱུ་གུ་ལག་ཏུ་ཐོགས་ཏེ་དཔེ་དེབ་དང་འགྲོགས་ནས་ཡངས་པའི་འཇིག་རྟེན་ལ་རང་དགར་ལྟད་མོ་ལྟ་བའི་གོ་སྐབས་ཐོབ་པ་མིན་ནམ།
ཁྱེད་ཀྱིས་དྲན་ནམ། ང་ཚོས་བརྒྱུད་མྱོང་བའི་བྱིས་དུས་ཀྱི་འཚོ་བ་དང་། སློབ་གཉེར་གྱི་ལམ་བུ་རེ་རེར་ཤུལ་དུ་བཞག་པའི་དྲན་གསོའི་གཏམ་རྒྱུད་རེ་རེ། ཁྱེད་ཀྱིས་དྲན་ནམ། སྣབས་ལུད་འཛར་འཛར་ངང་སྒེའུ་ཁུང་མེད་པའི་ནག་རོག་རོག་གི་སློབ་ཁང་དུ་སློབ་སྦྱོང་ཐོག་མར་བྱེད་པའི་ཚུགས་ཀ་དང་ངང་ཚུལ་དེ་ཁྱེད་ཀྱིས་དྲན་ནམ། འབྲི་ཤོག་མེད་པར་ཚགས་པར་རལ་པའི་རྒྱབ་མདུན་གང་སར་བོང་བུ་འདྲེད་བརྡབ་ཤོར་འདྲའི་ཀ་ཡིག་བོང་བུའི་མགོ་ལས་ཆེ་བ་བྲིས་མྱོང་བའི་ཁྱེད་ཀྱི་བྱིས་དུས་ཀྱི་སློབ་ཆུང་གི་འཚོ་བ་དེ་དྲན་ནམ། ལྕགས་སྨྱུག་མེད་པར་དུས་ཡུན་རིང་པོར་ཞ་སྨྱུག་སྤྱོད་ཅིང་། ལྕགས་སྨྱུག་ཡོད་ཀྱང་སྣག་ཚ་མེད་པར་དུ་དྲེག་དང་སོལ་བ་ཞིབ་མོར་བཟོས་ཏེ་དེ་ལ་ཆུ་འདྲེས་ནས་སྣག་ཚ་བྱེད་མྱོང་བའི་ཁྱེད་ཀྱི་འཚོ་བ་དེ་དྲན་ནམ། ཁྱིམ་བདག་གིས་ཡར་སྐྱེལ་མར་བསུ་བྱེད་མཁན་མེད་པར་རང་གི་གཟུགས་ལས་ཀྱང་ལྕི་བའི་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སྒྱིད་ལུག་ངང་རྐང་ཐང་མར་ཁྱིམ་དུ་ལོག་པའི་སློབ་ཆུང་གི་འཚོ་བ་དེ་ཁྱེད་ཀྱིས་དྲན་ནམ། ཕ་མ་མང་པོས་ཁྱིམ་དུ་ལུག་རྫི་མཁོ་བ་རྒྱུ་མཚན་དུ་དྲངས་ནས་ངེད་ཚོའི་ན་ཟླ་མང་པོ་སློབ་གྲྭ་ནས་ཕྱིར་འཐེན་བྱས་པ་དྲན་ནམ། སློབ་གྲྭས་སྦྱིན་པའི་ཇ་ཐང་སླ་པོ་དེ་དང་རྩམ་པ་ཐུར་མ་གང་དེ་ཟ་འདོད་མེད་པར་གྲོད་པ་ལོང་ལ་སྦྱར་སྐབས་ཆུ་གྲང་མོ་ཡང་ཡང་འཐུང་བ། སྒྲོག་རྩེ་རྐུབ་སྟེགས་མེད་པར་ས་མཐིལ་ཐོག་ཏུ་རྐུབ་བཞག་སྟེ་སློབ་ཁྲིད་ལ་ཉན་བཞིན་པའི་ཁྱེད་དང་ངའི་འདས་སོང་གི་ལོ་ཟླ་དག་དུས་ད་ལྟའང་ངའི་ཡིད་ཀྱི་ནམ་མཁར་ཡང་ཡང་དྲན་འོང་།
དེ་དག་ཐམས་ཅད་ནི་ང་ཚོས་བརྒྱུད་མྱོང་བའི་སློབ་གྲྭའི་འཚོ་བ་ཉག་གཅིག་རེད། འོན་ཀྱང་། ཁྱེད་ཀྱིས་གཟིགས་དང་། ད་ལྟ་སྔོན་ཆད་ཀྱི་ནག་རོག་རོག་གི་སློབ་ཁང་དག་མཐོང་རྒྱུ་མེད་པར། གང་སར་དཀར་ཆ་དོད་པའི་སློབ་ཁྲིད་ཐོག་ཁང་དང་། ལུས་སྦྱོང་ར་བས་གང་ཞིང་། ནག་པང་དང་ས་སྨྱུག་གི་དུས་རབས་སྔ་མོ་ནས་ཡོལ་ཏེ་གང་སར་དེང་རབས་ཅན་གྱི་སློབ་ཁྲིད་སྨྱན་ཆས་སྤྱོད་འགོ་ཚུགས་པ་མ་ཟད། ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེ་ལ། ལོ་དགུའི་འགན་བབ་སློབ་གསོ་ནས་ལོ་བཅུ་གཉིས་ཀྱི་འགན་བབ་སློབ་གསོ་ལག་ལེན་བསྟར་འགོ་ཚུགས་པས། སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་ཏེ་སློབ་མའི་གྲངས་ཚད་ནམ་མཁའི་སྐར་མ་ལས་ཀྱང་མང་བའི་ཚད་དུ་སླེབས། དེ་བས། སྔོན་ཆད་ངེད་ཚོའི་གྲོང་ཚོར་སློབ་ཆེན་སློབ་མ་ཤིན་ཏུ་ནས་མཐོང་དཀོན་ཡང་། དུས་ད་ལྟ་ཁྱིམ་ཚང་མི་རེ་ངོ་རེར་སློབ་ཆེན་སློབ་མ་མེད་པ་ཧ་ལམ་མེད་པ་མ་ཟད། ཁྱིམ་བདག་མང་པོའི་གོ་རྟོགས་ཀྱང་སྔ་མོ་ནས་སད་དེ་སྔོན་ཆད་ལྟར་ཁྱིམ་དུ་དཀའ་ངལ་ཡོད་པ་རྒྱུ་མཚན་དུ་དྲངས་ཏེ་བྱིས་པ་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་ལྟ་ཅི། རང་ནུས་ཅི་ལྕོགས་ཀྱིས་རང་གི་བུ་ཕྲུག་སློབ་གྲྭར་གཏོང་བ་མ་ཟད། ནམ་ནམ་ཞར་ཞར་དུ་བུ་ཕྲུག་གི་སློབ་སྦྱོང་ལ་སེམས་ཁུར་ཆེན་པོ་བྱས་ཏེ། རང་གི་བུ་ཕྲུག་ཀྱང་ཁྱིམ་མཚེས་ཀྱི་བུ་ཕྲུག་དང་འདྲ་བར་སྔ་ཙམ་ནས་སློབ་ཆེན་ཐོན་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་བཞིན་ཡོད་པ་མིན་ནམ།
གཟིགས་དང་། ད་ལྟ་ང་ཚོ་ཕ་ཡུལ་དུ་ལོག་ཐེངས་རེར། ཁྱིམ་ཚང་མང་པོའི་སྒོ་ཁར་འཇིབ་ཆུང་བཞག་མི་འདུག་གམ། དེ་དག་ཕལ་མོ་ཆེ་ནི་སློབ་ཆེན་ནས་ཐོན་ཏེ་རང་ཡུལ་དུ་འཁོར་ཞག་ལ་ཡོང་མཁན་དེ་དག་གི་རེད། ཁོང་ཚོ་སློབ་ཆེན་ནས་ཐོན་རྗེས། ཁྱེད་ཀྱི་བཀའ་དྲིན་ཡིད་ལ་བཅངས་ཏེ་ཕ་ཡུལ་གྱི་གྲུ་ཁ་སོ་སོར་ལས་གནས་བརྟན་པོར་བསྲུངས་ཏེ་ལ་ལས་སློབ་ཁང་གི་སྡིངས་ཆ་གྲུ་བཞིའི་ཐོག་འཛེགས་ནས་འབྱུང་འགྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་ལ་འཇུག་པ་དང་། ལ་ལས་རང་ཡུལ་མིན་ཡང་གཞན་ཡུལ་དེ་ཉིད་རང་ཡུལ་ལ་བརྩིས་ནས་ཡུལ་གྲུ་མང་པོའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྣམ་དཀར་དགེ་བའི་ལས་ལ་གཞོལ་བ། ལ་ལས་རང་གི་བློ་གྲོས་དང་འཇོན་ཐང་ལ་བརྟེན་ནས། འདུ་འཛི་ཆེ་བའི་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ངར་མོའི་ཀློང་དུ་ལས་གཏོད་ཀྱི་ལམ་བུར་ཞུགས་ནས་རང་གི་བྱ་གཞག་གི་སྒོ་མོ་འབྱེད་བཞིན་ཡོད་པ་མིན་ནམ། དེ་དག་ཐམས་ཅད་ཕ་ཡུལ་གངས་ལྗོངས་ཁྱེད་ཀྱིས་ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་ལེན་ནན་པོ་བསྟར་ཏེ་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་གནང་བའི་བཀའ་དྲིན་ལས་མ་འདས་པས། ཁྱེད་རང་དབུ་བརྙེས་ནས་ལོ་ངོ་༦༠འཁོར་ལ་ཉེ་བའི་མཚམས་འདིར། ཁྱེད་ཀྱི་བཀའ་དྲིན་དྲན་བཞིན་ཁྱེད་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུའོ།།