ཞོལ་འདོད་དཔལ་རིག་གནས་སློབ་གསོའི་སྒྲིག་གཞིས།
སྲོལ་རྒྱུན་ལག་རྩལ་མི་ཉམས་རྒྱུན་འཛིན་བྱས། གསར་གཏོད་གསོན་ཤུགས་དབྱར་མཚོ་བཞིན་དུ་རྒྱས།
རྫ་ལེབ་རི་མོའི་བརྩམས་ཆོས《མཚམས་སྤྲིན་དབྱིངས་ཀྱི་ཕོ་བྲང་པོ་ཏ་ལ》
སྣུམ་ཚོན་རི་མོ《གཡག》
ཐང་གའི་བརྩམས་ཆོས་གསར་པ།
རྫ་ལེབ་རི་མོའི་བརྩམས་ཆོས《གསའ་ཕུ་གངས་རི》
རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐང་གའི(བྱིའུ་སྒང་པ)རྒྱུན་འཛིན་པ་དང་ཞོལ་འདོད་དཔལ་ཐང་གའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་པ་སངས་ཚེ་རིང་གིས་ཐང་གའི་རྡོ་ཚོན་སྦྱོར་རྟ་བྱེད་བཞིན་པ།
ཞོལ་འདོད་དཔལ་ལག་ཤེས་སློབ་གྲྭའི་རྫ་ཆས་ལས་སྒྲུབ་ཁང་གི་དགེ་རྒན་ཝང་ཀྲུའུ་ཡིས་བོད་བཟོའི་རྫ་ཆས་བཟོ་བཞིན་པ།
རྫ་ལེབ་རི་མོའི་ཆ་ཤས་བརྩམས་ཆོས《ཞོགས་པའི་མཚམས་སྤྲིན་དབྱིངས་ཀྱི་ཕོ་བྲང་པོ་ཏ་ལ》
ཞོལ་འདོད་དཔལ་གྱིས་བཟོས་པའི་གྱོན་ཆས།
རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་ཞོལ་འདོད་དཔལ་ལག་ཤེས་སློབ་གྲྭའི་གྱོན་ཆས་ལས་སྒྲུབ་ཁང་གི་དགེ་རྒན་བློ་བཟང་སྨོན་ལམ་གྱིས་བོད་ཆས་འཚེམ་བཞིན་པ།
པིར་གྱིས་ཞིབ་ཚགས་པོས་བཞེངས་པའི་ཐང་ག་དང་། མཛེས་ཤིང་བྱོན་ལེགས་པའི་སྐུ་འདྲ། ལོ་ཟླའི་ཉམས་ཀྱིས་ཕྱུག་པའི་བོད་བཟོའི་ཁྱིམ་ཆས་སོགས་ཀྱི་སྟེང་དུ“ཞོལ་འདོད་དཔལ”ཞེས་པའི་མཚོན་རྟགས་བཀོད་ནས། སྒྱུ་རྩལ་གྱི་ཉམས་འགྱུར་ཟབ་མོ་མངོན་པ་དེ་དག་ཚང་མ་ཁོང་གིས་མི་ལོ་ཉི་ཤུ་ལྷག་ཙམ་རིང་སེམས་ནུས་ཡོད་རྒུ་བཏོན་པ་དང་ཁ་འབྲལ་ཐབས་མེད།
ཅང་སུའུ་ནས་བོད་ལྗོངས་བར། ཁོང་གིས་རང་ཉིད་ཀྱི་ལང་ཚོ་དང་སེམས་ནུས་ཡོད་ཚད་བོད་ལ་སྐྱེས་སུ་ཕུལ་རྗེས། བོད་ཀྱི་རིག་གནས་ལ་དམིགས་བསལ་གྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་ལྡན་པ་ཚོར་བར་བརྟེན། ཁོང་བོད་ཀྱི་རིག་གནས་བྱ་གཞག་ནང་ཞུགས་པར་ལྕག་སྐུལ་ཐེབས་ཡོད། ལྷ་སར་མི་མང་པོ་ཞིག་གིས་སུང་མིང་ཞེས་པའི་མིང་དེ་གོ་མྱོང་ཡོད།
1997ལོར་སུང་མིང་ལྷ་སར་ཐོག་མར་ཡོང་ཞིང་། འདི་གའི་གཡའ་དག་པའི་ནམ་མཁའ་དང་། བརྗིད་ཆགས་པའི་ཕོ་བྲང་པོ་ཏ་ལ། བབ་ཆགས་པའི་བོད་རིགས་སྤུན་ཟླ་དང་། དེ་བཞིན་ཁྲོམ་གཞུང་དང་སྲང་ལམ་གྱི་སྒྱུ་རྩལ་ཉམས་འགྱུར་གྱིས་མཛེས་རྩལ་བ་ཞིག་ཡིན་པའི་གཞོན་ནུ་དེར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཕྱི་ལོར་ཁོང་སླར་ཡང་བོད་དུ་ཡོང་པ་དང་། དུས་དེ་ནས་བཟུང་ས་གཞི་དེ་དང་ལས་དབང་གཅིག་ཏུ་སྦྲེལ་ཡོད། ཕོ་བྲང་པོ་ཏ་ལའི་འདབས་ཀྱི་སྒོ་ར་རྙིང་པ་དེའི་ནང་ཁོང་གིས་རི་མོ་འབྲི་ཆས་ཁྱེར་ནས་ཉིན་མོ་སློབ་ཁྲིད་བྱེད་པ་དང་མཚན་མོར་གསར་རྩོམ་བྱེད་ཀྱི་ཡོད། ཁྱིམ་མཚེས་ཚོས“འདི་གར་ཞོལ་འདོད་དཔལ་རེད”ཅེས་བོད་ཀྱི་ལག་ཤེས་སྒྱུ་རྩལ་གྱི་རྩེར་སོན་མཚོན་པའི་གནའ་བོའི་སྒྲིག་གཞི་ཞིག་ཡིན་ལུགས་བརྗོད་སྐབས་ཁོང་གི་སེམས་སུ་རྒྱུན་འཛིན་བྱེད་འདོད་ཆེན་པོ་བྱུང་ཡོད།
2009ལོར་ཁོང་གིས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱོད་པ་དང་མ་དངུལ་བསྡུ་རུབ་རྒྱ་ཁྱབ་བྱས་ཏེ་བོད་ལྗོངས་ཞོལ་འདོད་དཔལ་ལག་ཤེས་སློབ་གྲྭ་བཙུགས་ཤིང་། ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་རིན་མེད་ངང་བསྡུས་ཏེ་ཐང་ག་བཞེངས་པ་དང་། ལྕགས་རིགས་རྡུང་བཟོ། རྫ་ཆས་བཟོ་བ་སོགས་ཀྱི་ཆེད་ལས་བཙུགས་པ་རེད། སློབ་གྲྭས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་བཟོ་རྩལ་སློབ་དཔོན་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ། སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ལས་རིགས་སློབ་གསོ་གཉིས་ཟུང་འབྲེལ་བྱས་ཤིང་། ལོ་15ཡི་རིང་། སློབ་གྲྭ་དེ་ནས་ལག་རྩལ་པ་800ལྷག་ཙམ་ཐོན་པ་དང་ཁོང་ཚོས་ལག་རྩལ་ལ་བརྟེན་ནས་ཕ་ཡུལ་དུ་ལས་གཏོད་བྱས་པས། གྲོང་གསེབ་དར་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།
ཞོལ་འདོད་དཔལ་རིག་གནས་སློབ་གསོའི་སློབ་ཚན་ཐོག་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་ཡག་པོ་བྱུང་ཞིང་། ལྕགས་རིགས་བཟོ་རྩལ་ཆེ་མོ་བ་ནོར་བུ་དོན་གྲུབ་ནི་ཆབ་མདོ་ནས་ཡིན་པ་དང་ཁྱིམ་རྒྱུད་མི་རབས་གསུམ་གྱིས་ཟངས་བརྐོས་རྒྱག་རྩལ་རྒྱུན་འཛིན་བྱས་ཡོད། ད་ཆ་ཁོང་གིས་སློབ་ཁྲིད་ཀྱི་ཞོར་དུ་གསར་རྩོམ་བྱེད་པ་དང་། ཁོང་གི་སློབ་མའི་ཁྲོད་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་འབྲོག་པའི་བུ་ཕྲུག་མང་པོ་ཡོད། “ཁོང་ཚོ་ལག་རྩལ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་སྟེ་ཚོང་ཁང་བཙུགས་ཚེ་ཟླ་རེར་ཡོང་འབབ་སྒོར་ཁྲི་ལྷག་ཙམ་འབྱུང་ཐུབ་པ་མ་ཟད། ད་དུང་ཡུལ་མི་གཞན་དག་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཐུབ”ཅེས་ནོར་བུ་དོན་གྲུབ་ཀྱིས་བཤད།
ད་ལྟའི་ཞོལ་འདོད་དཔལ་རིག་གནས་སློབ་གསོའི་སྒྲིག་གཞི་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི་ཡིན་པ་དང་། དེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་3དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་9ཡོད། མིག་སྔར་སྒྲིག་གཞི་དེར་ལས་མི་ཁྱོན་260ལྷག་ཙམ་ཡོད་པའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན་རིགས་གཅིག་མཁས་ཅན་2དང་། དགེ་རྒན་ཆེ་མོ་བ་1 དགེ་རྒན་ཆེ་མོ་བ་གཞོན་པ་2 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་3 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་9བཅས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག ཞོལ་འདོད་དཔལ་རིག་གནས་སློབ་གསོའི་སྒྲིག་གཞི་དེ་རྒྱལ་ནང་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མང་ཤོས་ཀྱི་དམངས་གཉེར་སྒྲིག་གཞིར་གྱུར་པ་དང་། 2023ལོར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས“མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་པོ”དང་2024ལོར་རིག་གནས་དང་ཡུལ་སྐོར་པུའུ་ཡིས“རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི”མཚན་སྙན་སྤྲད་པ་རེད།
“མི་མང་པོ་ཞིག་གིས་ངས་བོད་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་གྱི་ཆེད་དུ་བྱ་བ་སྒྲུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། ངའི་མྱོང་ཚོར་བརྗོད་ན། གངས་ལྗོངས་ས་མཐོས་རང་ཉིད་བསྐྱངས་བྱུང་ལ། རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ་གསར་པའང་སྦྱིན་བྱུང་། ངས་ད་ལྟ་སྒྲུབ་པ་ཐམས་ཅད་ནི་སེམས་གཏིང་གི་འདུན་པ་དང་བོད་ལ་དྲིན་ལན་འཇལ་བ་ཞིག་ཡིན”ཞེས་གངས་ལྗོངས་ས་མཐོའི་བཟོ་བོར་གྱུར་པའི་ཅང་སུའུ་ཡི་གཞོན་ནུ་སུང་མིང་གིས་བརྗོད་ཅིང་། མི་ལོ་ཉི་ཤུ་ལྷག་ཙམ་རིང་། ཁོང་གིས“ཞོལ་འདོད་དཔལ”ཞེས་ལོ་རྒྱུས་ཀྱི་ས་མིང་ནས་རིག་གནས་ཀྱི་མཚོན་རྟགས་སུ་བསྒྱུར་ཡོད། ཁོང་གིས་སྲུང་སྐྱོང་བྱེད་པ་ནི་ལག་རྩལ་ཙམ་མ་ཡིན་པར་བརྩེ་དུང་དང་སྙིང་སྟོབས་ཤིག་དེ་བས་ཀྱང་རེད།