གསར་འགྱུར་ཡིག་སྒྱུར་གྱི་ཁ་བྱང་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།
གསར་འགྱུར་ནི་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་སྨྱན་སྦྱོར་གྱི་ཐབས་ལམ་ནས་གསར་བྱུང་གི་དོན་གལ་ཆེན་རྣམས་དུས་ཐོག་ཏུ་ཟིན་འགོད་དང་བརྒྱུད་བསྒྲགས་བྱེད་པའི་རྩོམ་གཤིས་ཤིག་རེད། གསར་འགྱུར་རྩོམ་ཡིག་ནང་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། ཚན་རིག རིག་གནས། ལུས་རྩལ་སོགས་ཀྱི་ནང་དོན་ཁྱབ་རྒྱ་ཆེ་ཞིང་། རྣམ་པ་སྣ་ཚོགས་པས་གསར་འགྱུར་གྱི་ཁ་བྱང་དེ་ཁ་གསལ་ལ་གོ་བདེ་བ་དང་། དོན་བསྡུས་ཤིང་གསོན་ཉམས་ལྡན་པ་ཞིག་དགོས་པ་མ་ཟད། ཁ་བྱང་ལ་བལྟས་པ་ཙམ་གྱིས་གསར་འགྱུར་དེའི་ནང་དོན་གཙོ་བོ་གང་ཡིན་མིན་གསལ་པོ་གོ་ཐུབ་པ་ཞིག་དགོས་པས་ཁ་བྱང་ནི་གསར་འགྱུར་གྱི་མིག་ལྟ་བུ་རེད་ཅེས་རྒྱུན་དུ་བརྗོད་ཀྱི་ཡོད།
གསར་འགྱུར་གྱི་ཁ་བྱང་སྒྱུར་ཐབས་དེ་གཞུང་ཡིག་གི་ཡིག་ཆ་དང་དེ་བཞིན་རིག་རྩལ་རྩོམ་ཡིག་སོགས་ཀྱི་ཁ་བྱང་སྒྱུར་ཐབས་དང་མི་འདྲ་ལ། ནང་དོན་གལ་ཆེ་ཆུང་གི་ཐད་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། སྤྱིར་ན་གསར་འགྱུར་གྱི་ཁ་བྱང་ལ་ནུས་པ་གཙོ་བོ་གཉིས་ཡོད་དེ། གཅིག་ནི་གསར་འགྱུར་ནང་དོན་གྱི་སྙིང་དོན་ནམ་ཡང་ན་གསར་འགྱུར་གྱི་ནང་དོན་ལ་ཁྲིད་སྟོན་བྱེད་པའི་ནུས་པ་ཐོན་པར་བྱེད་དགོས་པ་དང་། གཉིས་ནི་ཚགས་པར་རམ་དྲ་རྒྱའི་པར་ངོས་ནས་ཀློག་པ་པོ་ཡིད་དབང་འགུག་ཐུབ་པའི་ནུས་པ་ཐོན་པ་དགོས། དེས་ན་ཁྱེད་ཀྱིས་བརྗོད་བདེ་ཞིང་སྙན་འཇེབས་ལྡན་པའི་ཚིག་དོན་གྱིས་གསར་འགྱུར་གྱི་གལ་འགངས་ཆེ་ཤོས་ཀྱི་ནང་དོན་རྣམས་ཚགས་པར་རམ་དྲ་ངོས་ཐོག་མངོན་གསལ་དོད་པོས་མཚོན་ཐུབ་ན་ཀློག་པ་པོའི་འདྲེན་བྱེད་དབང་མེད་དུ་འགུག་ཐུབ་རྒྱུ་སྨོས་མེད་རེད། འོན་ཀྱང་དེང་སྐབས་བོད་སྐད་ཡིག་གི་ཐོག་ནས་སྤེལ་བའི་གསར་འགྱུར་མང་ཆེ་བ་ནི་རྒྱ་ཡིག་ནས་བསྒྱུར་བ་ཤ་སྟག་ཡིན་པས། གོ་བདེ་ལ་སྙན་འཇེབས་ལྡན་པའི་ཁ་བྱང་ཞིག་བསམ་བློ་མ་བཏང་བར་མ་ཡིག་ཇི་བཞིན་ཐད་སྒྱུར་ཁོ་ན་བྱས་ཚེ་ཀློག་པ་པོའི་ཡིད་དབང་འགུག་ཐབས་བྲལ། དེའི་ཕྱིར་གསར་འགྱུར་གྱི་ཁ་བྱང་སྒྱུར་ཐབས་ལ་ཡིད་གཟབ་ཆེན་པོ་བྱེད་དགོས། དེས་ན་དཔྱད་རྩོམ་འདིའི་ནང་ཁོ་མོས་གསར་འགྱུར་ཡིག་སྒྱུར་གྱི་ལས་ལ་གཞོལ་བའི་ཉམས་མྱོང་ལ་བརྟེན་ནས་གསར་འགྱུར་གྱི་ཁ་བྱང་སྒྱུར་ཐབས་སྐོར་ཅུང་ཟད་གླེང་བར་བྱའོ།
གཅིག དོན་སྒྱུར་གྱི་ཐབས་ལ་སྤྱད་པ།
བསྒྱུར་བྱ་གང་གི་ཚིག་ཟིན་གྱི་ནང་དོན་སོགས་གཙོ་བོར་མི་འཛིན་པར་བརྗོད་བྱའི་བསྟན་བྱ་སྤྱི་ལ་གཞིགས་ནས་ནང་དོན་ལྟར་སྒྱུར་བའི་ཐབས་ཤིག་ལ་ཟེར་ཞིང་། ཁ་བྱང་སྒྱུར་སྐབས་ཀློག་པ་པོ་དམིགས་ཡུལ་དུ་འཛིན་རྒྱུ་གཙོ་བོར་བཟུང་ནས་མ་ཡིག་གི་ནང་དོན་མི་འདྲ་བར་གཞིགས་ཏེ་སྒྱུར་ཐབས་མི་འདྲ་བ་སྤྱད་ཆོག་པ་ཞིག་ཡིན། དེས་ན་གསར་འགྱུར་གྱི་ཁ་བྱང་སྒྱུར་སྐབས་རྩོམ་ཡིག་གི་ནང་དོན་གཞིར་བཟུང་གསར་འགྱུར་ཆ་འཕྲིན་གྱི་སྤྱི་ཁོག་དང་ནང་དོན་ལ་གཞིགས་ནས་ཀློག་བདེ་ལ་གོ་བདེ་བའི་ཁ་བྱང་ཞིག་ཏུ་བསྒྱུར་དགོས།
དཔེར་ན། རྒྱ་ཡིག་གི་ཁ་བྱང་ལ“一位买酸奶人的故事”ཞེས་པ་དེ་ཐད་སྒྱུར་བྱས་ན་སྙན་ཆ་ཐོན་དཀའ་བས། དོན་སྒྱུར་དུ“ཕྱུག་འགྱུར་ལས་ལ་གཞོལ་བའི་གཏམ་རྒྱུད”ཅེས་པ་ལྟ་བུ། དེ་ནི་དཔེ་མཚོན་ལྟ་བུ་ཞིག་ཡིན་མོད་ཀྱང་། ཁ་བྱང་འདི་རིགས་སྒྱུར་སྐབས་བློ་ཁོག་ཆེན་པོས་དོན་སྒྱུར་བྱས་ཆོག་པ་དང་། ལྷག་པར་དུ་བོད་ཀྱི་གཏམ་དཔེ་སྦྱར་བའི་ཐོག་ནས་བསྒྱུར་ཚེ་ཁ་བྱང་དེ་བས་ལེགས་ལ་སྙན་འཇེབས་ལྡན་པ་དང་དོན་སྙིང་གསལ་པོར་བཏོན་ཐུབ་། རྒྱ་བོད་ཡིག་རིགས་གཉིས་ལ་སྐད་རིགས་དང་རིག་གནས་ཀྱི་དབྱེ་བ་ཡོད་པས། རྒྱ་ཡིག་གི་གསར་འགྱུར་ཁ་བྱང་སྙན་འཇེབས་ལྡན་པ་ཞིག་བྲིས་ཡོད་རུང་། དེ་དག་བོད་ཡིག་ཏུ་སྒྱུར་སྐབས་ཚིག་མཁྲེགས་ཤིང་གོ་དཀའ་བ་ཞིག་བསྒྱུར་ན་ཞིང་འབྲོག་མང་ཚོགས་ཚོས་ལྟ་སྐབས་གོ་མི་བདེ་བར་གྱུར་ཉེན་ཡོད་པས། དོན་སྒྱུར་གྱི་བྱེད་ཐབས་སྤྱད་ན་བོད་རང་གི་སྐད་ཡིག་དང་མཐུན་ལ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གོ་བདེ་ལ་ཤེས་སླ་བ་ཞིག་ཡོང་ཐུབ་པས་ཁ་བྱང་སྒྱུར་སྐབས་ཞྭ་དཔེ་ལྷམ་འགེབས་ལྟ་བུར་མི་འགྱུར་བ་ནི་ཤིན་ཏུ་གལ་ཆེ་བ་མ་ཟད། རིག་རྩལ་རྩོམ་ཡིག་ལྟ་བུའི་ཁ་བྱང་སྒྱུར་སྐབས་དོན་སྒྱུར་སྤྱད་ན་ཤིན་ཏུ་ལེགས་སྙམ།
གཉིས། ཐད་སྒྱུར་གྱི་ཐབས་ལ་སྤྱད་པ།
འདིར་བརྗོད་པའི་ཐད་སྒྱུར་ནི་ཐད་སྒྱུར་རམ་སྤྱིའི་ཆ་ནས་ཐད་སྒྱུར་བྱེད་པ་དེ་ཡིན་ཞིང་། དེ་ནི་གསར་འགྱུར་མ་ཡིག་གི་ཚིག་ཇི་བཞིན་ཡིག་ཐོག་ཏུ་སྒྱུར་བ་ལ་ཟེར། དེ་ཡང་རྒྱ་ཡིག་གསར་འགྱུར་གྱི་ཁ་བྱང་གི་ནང་དོན་བོད་ཡིག་ལ་སྒྱུར་སྐབས་ཚིག་ངོས་ཀྱི་གོ་དོན་ཡོངས་སུ་མཐུན་པ་ཞིག་སྒྱུར་དགོས་ན། ཐད་སྒྱུར་ཁོ་ན་སྤྱོད་པ་ལས་རང་སྣང་གང་ཤར་གྱིས་གསར་རྩོམ་བྱེད་མི་ཆོག་ལ་ཐལ་དྲགས་པའི་དོན་སྒྱུར་དེ་བས་བྱེད་མི་ཉན། དཔེར་ན། “三论习近平总书记纪念马克思诞辰200周年大会讲话”ཞེས་པ་ལྟ་བུ་བོད་ཡིག་ཏུ་བསྒྱུར་ན། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་སྐོར་གྱི་གླེང་ཐེངས་གསུམ་པ”ཞེས་པ་ལྟ་བུ། ཚགས་པར་ཁག་གི་ཆེད་བརྗོད་དང་། དཔྱད་གཏམ་མཁན་གྱི་རྩོམ་ཡིག སྤྱི་བསྒྲགས་དང་གསལ་བསྒྲགས་སོགས་ཀྱི་ཁ་བྱང་སྒྱུར་སྐབས་ཐད་སྒྱུར་སྤྱད་ན་ལེགས་སྙམ།
གསུམ། ཕྱེད་ཐད་སྒྱུར་རམ་སྣོན་སྒྱུར་གྱི་ཐབས་ལ་སྤྱད་པ།
དེ་ཡང་གསར་འགྱུར་གྱི་ཁ་བྱང་ཐད་སྒྱུར་བྱས་ན་གོ་དོན་མི་གསལ་ལ་དོན་སྒྱུར་བྱས་ན་མ་ཡིག་གི་སྙིང་དོན་དང་མི་འཚམ་པས་ཁ་བྱང་དེ་རིགས་སྒྱུར་སྐབས་གསར་འགྱུར་མ་ཡིག་གི་ནང་དོན་དང་ཁ་བྱང་གི་སྙིང་དོན་ལ་བསམ་བློ་གཏིང་ཟབ་བཏང་ནས་བོད་ཡིག་ཀློག་པ་པོས་ཀློག་བདེ་ལ་གོ་ནོར་མི་ཐེབས་པའི་ཁ་བྱང་གི་སྒྱུར་ཐབས་ཏེ་ཕྱེད་ཐད་སྒྱུར་གྱི་བྱ་ཐབས་སྤྱད་ན་ལེགས་སྙམ།
དཔེར་ན། “联户联心,为民富民”ཞེས་པ་ལྟ་བུ་བོད་ཡིག་ཏུ་སྒྱུར་ན། “མང་ཚོགས་ཀྱི་སྐད་ཆ་ཉན་ནས་མི་སེར་གྱི་དཀའ་སྡུག་སེལ”ཞེས་ལྟ་བུའི་ཁ་བྱང་སྒྱུར་སྐབས་དོན་སྒྱུར་དང་ཐད་སྒྱུར་སྣོལ་མར་སྤྱད་པའམ་ཡང་ན་ཁ་བྱང་གཙོ་ཕལ་ཆ་ཚང་སྒྱུར་དགོས་དོན་མེད་པར་ཀློག་པ་པོའི་དགོས་མཁོར་གཞིགས་ནས་གཙོ་ཕལ་གདམ་ག་བྱས་ནས་ཁ་བྱང་བསྒྱུར་ན་ལེགས་སྙམ།
མདོར་ན་གསར་འགྱུར་གྱི་ཁ་བྱང་ནི་ཀློག་པ་པོའི་ཡིད་དབང་འགུག་ས་ཞིག་དང་། ལྟ་འདོད་ཀྱི་བློ་འདྲེན་ས་ཞིག་ཡིན་པས། ཁ་བྱང་སྒྱུར་སྐབས་ཚིག་དོན་སྔར་མེད་གསར་གཏོད་དང་ནང་དོན་གནད་ལ་འཁེལ་བ། ཚིག་དོན་འཕྱུག་པ་མེད་པ། དོན་སྙིང་འབུར་དུ་ཐོན་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་བྱུང་ཚེ་རྒྱ་ཆེའི་ཞིང་འབྲོག་ཀློག་པ་པོས་ལྟ་འདོད་ལ་ཉན་སྤྲོ་བ་ཞིག་ཡོང་ངེས་ལགས།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་པུའི་པད་མ་ཆོས་སྒྲོན)