ཕམ་ཁའི་མདུན་དུ་དཔའ་ཞུམ་མི་ཉན།
ངའི་བློ་ངོར་ཕམ་ཁ་ནི་དུས་ནམ་ཡིན་ཡང་མིང་ཙམ་ལས་གཞན་གང་ཡང་མ་ཡིན་མོད། འོན་ཏེ་དུས་ཚོད་ཀྱི་འགྱུར་བ་དང་ལོ་ཟླ་ཡི་རི་མོའི་ཁྲོད་བྱ་དངོས་ཐམས་ཅད་ལ་འགྱུར་བ་འགྲོ་བ་དང་ཡོད་ཚད་མིག་མདུན་ནས་རིམ་བཞིན་ཁ་དོག་མི་གཅིག་པར་གྲུབ་བཞིན་ཡོད། འདས་ཟིན་པའི་ཁ་སང་གི་ང་ཚོ་དང་གླེང་བཞིན་པའི་མ་འོངས་ཀྱི་ཕུགས་བསམ་སོགས་རིམ་བཞིན་འགྱུར་འགྲོ་བ་མཐོང་སྐབས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཁ་སང་གི་གཏམ་བཟང་དེ་ཡང་མདང་ནུབ་ཀྱི་རྨི་ལམ་ཞིག་ལས་མ་འདས། གཅིག་བྱས་ན་དེ་ནི་དཀའ་སྤྱད་དང་སྙིང་རུས་མ་འདང་བར་རེ་སྒུག་གི་འདུན་པ་ཆེ་དྲགས་པའི་རྐྱེན་གྱིས་ཡིན་སྲིད།
འོན་ཀྱང་། བདག་གིས་བསམས་ན། འདས་སོང་ལ་འཁང་ར་དང་འགྱོད་གདུང་བྱེད་དགོས་དོན་གཏན་ནས་མེད་དེ། འགྱོད་གདུང་བྱས་ཚེ་ཅི་ལའང་ཕན་པ་མེད་པས། དེ་ལས་མགོ་བོ་ཡར་ལ་དགྱེ་སྟེ། རང་ལུས་ལ་སྙིང་རུས་དང་འབད་འཐབ། བཟོད་སྒོམ། སྡུག་རུས། ཧུར་བརྩོན་གྱི་གཤོག་ཟུང་བསྒར་ནས་མུ་མཐུད་དེ་མདུན་དུ་ཆས་ན། དེ་དག་གིས་འདས་སོང་གི་བཞུར་མྱོང་བའི་ཁྱེད་ཀྱི་རྔུལ་ཆུའི་ཐིགས་ཕྲེང་རེ་རེར་བཀའ་དྲིན་གསོལ་ངེས་པ་གདོན་མི་ཟ།
བྱ་དངོས་གང་ཞིག་ཡིན་རུང་རང་ལ་དབང་བའི་སྐབས་དེར་གཅེས་འཛིན་དང་བེད་སྤྱོད་ལེགས་པོ་མི་ཤེས་ན། ཉིན་ཞིག་རང་གི་མིག་མདུན་ནས་བོར་ཚེ། སྐབས་དེ་དུས་འགྱོད་པ་ག་ཚོད་བྱས་ཀྱང་ཐམས་ཅད་ཆུ་ཡི་ལྦུ་བ་ཞིན་སྟོང་པའི་རྒྱུ་ཁོ་ན་ལས་མ་འདས། དེས་ན། ང་ཚོས་མི་ཚེ་དང་། ལང་ཚོ། དུས་ཚོད་བཅས་རང་ལ་དབང་དུས་དེར་གཅེས་སྤྲས་ཡག་པོ་བགྱིས་ཏེ། རང་གི་མི་ཚེ་ཡི་ནམ་མཁར་མཚར་སྡུག་གི་རི་མོ་འབྲི་ཨེ་ཐུབ་ལ་འབད་དགོས།