དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བརྩེ་གླུ་སྙན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2025-06-10

    དཔྱིད་མགོའི་ཆར་པ་ཟམ་ཟིམ། །

    ནོར་འཛིན་བྲང་ལ་གཏོར་དུས། །

    ཤ་འཇམ་ལུས་དྲི་ཞིམ་པའི། །

    ཆུང་འདྲིས་ཡིད་ལ་འཁོར་བྱུང་། །

    མེ་ཏོག་སྣ་ཚོགས་བཞད་ནས། །

    ནེའུ་གསིང་བཀྲག་མདངས་རྒྱས་དུས། །

    ལང་ཚོའི་དཔལ་གྱིས་ཕྱུག་པའི། །

    ཆུང་འདྲིས་ཡིད་ལ་འཁོར་བྱུང་། །

    གསེར་སྐུར་ཉི་འོད་ཕོག་འདྲའི། །

    ནོར་འཛིན་སེར་མདངས་རྒྱས་དུས། །

    དཀར་དམར་གཞོན་ཤ་རྒྱས་པའི། །

    ཆུང་འདྲིས་ཡིད་ལ་འཁོར་བྱུང་། །

    སྟོན་རླུང་དལ་གྱིས་ལྡང་བྱུང་། །

    ལོ་མ་སེར་པོར་གྱུར་སོང་། །

    བརྩེ་བའི་དྲོད་ཐིག་ཅན་གྱི། །

    ཆུང་འདྲིས་ཡིད་ལ་འཁོར་བྱུང་། །

    དུས་བཞིའི་འགྱུར་བའི་བར་དུ། །

    དྲོ་གྲང་རེས་སུ་འཁོར་དུས། །

    བརྩེ་སེམས་ཆུ་གཏེར་འདྲ་བའི། །

    ཆུང་འདྲིས་ཡིད་ལ་འཁོར་བྱུང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།