དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བུ་མོ་སློབ་གྲྭར་འགྲོ་དུས།

    མྱང་གྲགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-08

    ལྔ་ཡིས་བསྐྱོར་ཅིང་དྲུག་གིས་འཐེན་པའི་བགྲང་བྱའི་སོ་མཚམས་སླེབས་དུས་སུ། །

    འཇམ་པའི་ངག་དང་ཞིམ་པའི་རྔན་པས་རིག་པ་བསླབ་པའི་གོ་བསྐོན་བྱས། །

    སློབ་གྲྭ་སྐྱིད་ཚུལ་དགེ་རྒན་ཡག་རབས་བཅོ་བརྒྱད་བགྲངས་ནས་བློ་འགུག་བྱས། །

    རང་གོས་རང་ཟས་མགོ་ཐོན་མེད་པར་སློབ་གྲྭའི་སྒོ་མོ་འགྲིམས་སུ་བཅུག །

    གཉིད་ཁ་མ་དྭངས་ལག་ཆུང་གཉིས་པོས་མིག་ཟུང་འཕུར་དུས་སྙིང་ཡང་རྗེ། །

    ཁ་བཀྲུ་ལག་བཤལ་ཞོགས་ཟས་དལ་བས་སློབ་རྗེས་མ་ཟིན་ཡིད་ཀྱང་འཚབ། །

    རང་ལས་ལྕི་བའི་དཔེ་ཁུག་ཁུར་ཏེ་གོམ་འགྲོས་འཁྱོར་དུས་སེམས་ཀྱང་སྐྱོ། །

    ན་མཉམ་ཚོགས་དང་འགྲོ་ཞོར་རྩེད་པའི་ངང་ཚུལ་མཐོང་དུས་སྙིང་ཡང་དགའ། །

    དགེ་རྒན་ལགས་ནས་ང་ལ་བསྟོད་ཅེས་མཚམས་རེར་དགའ་བའི་དགོད་འཛུམ་རྒྱུ། །

    དགེ་རྒན་ལགས་ཀྱིས་ང་ལ་གཤེད་ཅེས་ལན་རེར་སྐྱོ་བའི་མཆི་མ་བརྡོལ། །

    ཁ་སང་གྲོགས་དང་རྩེད་པའི་སྐྱིད་ཚུལ་སྤྲོ་བ་གཏད་དེ་བཅོ་བརྒྱད་ལབ། །

    དེ་རིང་སློབ་མས་བརྙས་པའི་སྡུག་ཚུལ་ཁོང་ཁྲོ་ལང་བཞིན་བཅུ་དགུ་བཤད། །

    སྦྱོང་ཚན་བསྐྱུར་ཏེ་ལྟད་མོར་གཡེངས་དུས་གཤེ་གཤེ་ཅུང་ཟད་གཏོང་བར་ཐལ། །

    ནན་ཏན་བསྐྱེད་དེ་དཔེ་དེབ་ལྟ་སྐབས་བརྩེ་བའི་འོ་ཆུང་བཏབ་པར་ཤོར། །

    སྐབས་རེ་ཤིན་ཏུ་སླ་བ་དག་ཀྱང་མ་ཤེས་ཟེར་དུས་ཁྲོ་ཡང་ཁྲོ། །

    ལན་རེ་འཇིག་རྟེན་གོ་ལ་གླེང་དུས་ཡིན་མདོག་ཚུལ་ལ་ཧང་ཡང་སངས། །

    ཆམ་ནད་ཙམ་གྱིས་གཙེ་བའི་དུས་ལ་ཉིན་མཚན་ཀུན་ཏུ་སེམས་ཀྱིས་བསྲུངས། །

    ཕྱི་རོལ་རྩེད་འཇོར་རྒྱུ་བའི་སྐབས་སུ་ཉེ་རྒྱང་མེད་པར་མིག་གིས་འཚོས། །

    བདེ་བའི་དུས་ལ་རིག་པའི་གནས་རྣམས་མྱུར་དུ་རྫོགས་པའི་རེ་བས་འདས། །

    གདུང་བའི་དུས་སུ་བདེ་ཐང་ལས་གཞན་གཅིག་ཀྱང་མེད་རུང་ཆོག་པར་སེམས། །

    ཉིན་རེར་མ་བསྡད་རིག་པའི་ཁོ་ལག་ཅུང་ཟད་རྒྱས་པས་ཅིས་མི་དགའ། །

    ཟླ་རེར་མ་བསྡད་ཡིད་ཀྱི་འཆར་སྒོ་ཅུང་ཟད་འཕེལ་བས་ཅིས་མི་སྤྲོ། །

    ལོ་རེར་མ་བསྡད་ལུས་ཀྱི་ལང་ཚོ་ཅུང་ཟད་འཚར་བས་ཅིས་མི་སྐྱིད། །

    ལོ་ཟླ་ཞག་གསུམ་བདེ་བར་སྨོན་པ་ཕ་མའི་ཁོག་གི་སྙིང་ཆུང་ལགས། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།