ཀོང་ཡུལ་མཐིལ་གྱི་གཞས།
ཨོ་ཏོག་བསྟན་ཉི།
ནགས་རྒྱ་རྫོང་དབུས་སུ་བྱ་བྱིའུ་རྩེན། །
བྱ་འདབ་ཆགས་རེ་རེའི་མགྲིན་པ་ནི། །
རྒྱུད་དྲུག་པའི་སྒྲ་སྙན་རེ་རེར་ཐོགས། །
ངའི་རྣ་བའི་དབང་པོ་བསྲིངས་པ་ན། །
ང་ཡིན་ནམ་ཁོང་ཡིན་ཟེར་བྱུང་བས། །
སུ་འདེམས་པའི་དབང་ཆ་ངར་ཡོད་འདྲ། །
ངས་ཁྲ་ཆུང་མིག་ལ་འཕུར་འཕུར་བྱས། །
དགུང་ཨ་སྔོན་དབྱིངས་སུ་ལན་ཅིག་བལྟས། །
ས་དོག་མོའི་ངོས་སུ་ལན་ཅིག་བལྟས། །
ནགས་རྒྱ་རྫོང་གསེབ་ཏུ་ལན་ཅིག་བལྟས། །
བལྟས་བལྟས་མཐར་ཕ་གིའི་ཤིང་སྡོང་རྩེར། །
རླུང་བསེར་བུ་ག་ལེར་ལྡང་བྱུང་བས། །
ཞེ་སྣང་བའི་འཁོར་ལོ་དེ་རུ་འཁོར། །
མིག་ཁྲ་མོའི་མདའ་རྩེ་དེ་རུ་ཤོར། །
གཟུགས་ཆེ་ཆུང་རན་པ་ཡིད་ལ་མགུ། །
མཆུའི་རྩེ་མོར་འབྲི་མར་བྱུགས་པ་བཞིན། །
སྣུམ་ཤིག་ཤིག་ངང་ནས་ངར་ཕྱོཊ་པའི། །
བྱ་སྤུ་སྡུག་ཁྱེད་རང་བདེ་ལགས་སམ། །
ཕྱིའི་སྤུ་ཉག་རེ་རེའི་ཁུགས་སོ་ན། །
ལས་དམ་ཚིག་སྲུང་བའི་སྨན་ཤར་གྱི། །
དྲོད་འཁྱིལ་བའི་རུམ་ཁ་གཙང་མ་བཞིན། །
གཞོཊ་གཉིས་ཀྱི་གཤོག་པ་བརྐྱངས་པ་ན། །
སྨན་བུ་མོས་གར་སྟབས་ངོམ་འདྲ་འདུག །
འོག་རྐང་པ་གཉིས་ཀྱང་གཡུག་ཐེངས་རེར། །
བྲོ་འཁྲབ་པའི་སྣང་བ་ཧོབ་ཀྱིས་སྟེར། །
བྱ་ཁྱེད་རང་གཡུ་ཡི་ལུང་པ་འདིར། །
ཡུན་རིང་པོ་སྡོད་པའི་ཡུལ་མི་འམ། །
ཐེངས་གཅིག་ལ་འོང་བའི་མགྲོན་པོ་ཡིན། །
དུས་དེ་རིང་བྱ་བྱིའུ་ཁྲི་སྟོང་དབུས། །
ངའི་ཡིད་དབང་འཕྲོག་མཁན་ཁྱེད་རང་ལས། །
གཞན་སུ་ཡང་མ་བྱུང་གསུང་སྙན་མ། །
ཁྱེད་འདྲ་བ་མི་འདུག་གཟུགས་བཟང་མ། །