《བློ་སྦྱོང་མཚོན་ཆ་འཁོར་ལོ》ཡི་རྗོད་བྱེད་ཚིག་གི་ཁྱད་ཆོས་ལ་དཔྱད་པ།
《བློ་སྦྱོང་མཚོན་ཆ་འཁོར་ལོ》ཞེས་བྱ་བའི་བློ་སྦྱོང་གི་བསྟན་བཅོས་དེ་ཉིད། དྷརྨ་རཀྵི་ཏས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གནང་བ་དང་། ཇོ་འབྲོམ་ཡབ་སྲས་གཉིས་ནས་བློ་སྦྱོང་དེ་ཉིད་བོད་སྐད་དུ་བསྒྱུར། ཇོ་བོ་ནས་འབྲོམ་སྟོན་པ་དང་། དེ་ནས་པོ་ཏོ་བ་དང་། འཆད་ཁ་བ། ཤ་ར་བ་ལ་སོགས་བརྒྱུད་དེ་འཆད་ཉན་ཡོངས་སུ་དར། བློ་སྦྱོང་གི་བསྟན་བཅོས་སྤྱི་དང་འདྲ་བར། 《བློ་སྦྱོང་མཚོན་ཆ་འཁོར་ལོ》ལའང་ཐུན་མིན་གྱི་རྩོམ་པའི་ཁྱད་ཆོས་ལྡན་པ་ལས། འདིར་རྗོད་བྱེད་ཚིག་གི་ཁྱད་ཆོས་ལ་ཕྱོགས་གསུམ་ནས་དཔྱད་པ་རོབ་ཙམ་ཞུ་བ་ལ།
དང་པོ། བསྐྱར་ཟློས་མང་བ།
ཡིག་ཐོག་དང་ངག་ཐོག་གཉིས་ནང་གནས་པའི་སྔ་དུས་དང་དེང་དུས་ཀྱི་རྩོམ་རིག་བརྩམས་ཆོས་འགར། བསྐྱར་ཟློས་ཀྱི་ཚིག་མང་དུ་ཐོན་པ། དཔེར་ན། 《རྒྱལ་སྲས་ལག་ལེན》ནང་། “ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ཐེངས་སོ་བདུན་ཐོན་པ་དང་། 《རྟོཊ་བརྗོད་འདུན་ལེགས་མ》རུ། “ཚུལ་འདི་བསམས་ཤིང་འདུན་པ་ལེགས་ནས་གདའ། །བཀའ་དྲིན་ཆེ་འོ་རྗེ་བཙུན་མཁྱེན་པའི་གཏེར། །”ཞེས་པ་ཚར་བཅོ་བརྒྱད་ཐོན་པ་ལྟར། 《བློ་སྦྱོང་མཚོན་ཆ་འཁོར་ལོར》ཡང་། “ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །”ཞེས་པ་དང་། “ཕུང་བྱེད་རྟོག་པའི་མགོ་ལ་ཆེམ་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །”ཞེས་པ་སོ་སོར་ཐེངས་སོ་བརྒྱད་དང་སོ་ལྔ་ཙམ་བྱུང་། སྤྱིར་བསྐྱར་ཟློས་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་གལ་པོ་ཆེ་ལ་ནན་བཤད་ཡིན་ཞིང་། སྐབས་བབས་ཀྱི་བསྟན་བཅོས་འདིར་ཡང་། བརྗོད་བྱའི་གནད་འབུར་དུ་ཐོན་པར་ནུས་པ་བླ་ལྷག་ལྡན། དེ་ལས་གཞན་གཞུང་ཚིག་བསྐྱར་དུ་བཟློས་པས། སློབ་གཉེར་བ་དག་ལ་གཞུང་ཚིག་བློ་རུ་བཟུང་བདེ་བ་དང་། ཡང་ཡང་དྲན་སྐུལ་གྱི་ནུས་པ་ཡང་ཐོན་ཡོད་པར་སྙམ།
གཉིས་པ། བརྡ་རྙིང་མང་བ།
《བློ་སྦྱོང་མཚོན་ཆ་འཁོར་ལོ》ནི་ཧ་ལམ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ལ། ཇོ་འབྲོམ་ཡབ་སྲས་ཀྱིས་བོད་སྐད་དུ་ལོ་ཙཱ་མཛད་པ་ལགས་ཤིང་། ཀུན་ལ་ཆ་རྒྱུས་ཡོད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》སོགས་ཇོ་བོ་བཀའ་གདམས་པའི་བསྟན་བཅོས་དག་དང་འདྲ་བར། རྗོད་བྱེད་ཚིག་གི་སྦྱོར་བར་ཡུལ་དུས་ཀྱི་རང་བཞིན་དམིགས་བསལ་མངའ་སྟེ། བརྡ་རྙིང་ངམ། ཡང་ན་ལ་ལ་ནི་ཡུལ་ལུང་བྱེ་བྲག་པའི་སྐད་མིན་ནམ་སྙམ་པའི་བརྡ་མང་དུ་སྤྱད་འདུག་པ། དཔེར་ན། “ད་ནི་མུག་སྐྱོ་གྱུ་ནམ་ཆུང་བར་བྱ། །”ཞེས་པ་དང་། “གྱོགས་སྐོར་ཐམས་ཅད་དོན་མེད་གཞན་ལ་བྱེད། །”ཞེས་པ་ལྟ་བུ། གཞུང་ཚིག་སྔ་ཕྱིའི་དོན་ལ་བརྟག་པའམ། ཡང་ན་འབྲེལ་ཡོད་ཚིག་མཛོད་ལ་བརྟེན་ན་མ་གཏོགས་དོན་གྱི་གོ་བ་ལོན་དཀའ་སྟེ། མུག་སྐྱོ་གྱུ་ནམ་ནི་གཡོ་སྒྱུའི་དོན་དང་། གྱོགས་སྐོར་ནི་རང་ཉེས་མི་ལ་གཡོགས་པར་ཟེར། 《བློ་སྦྱོང་མཚོན་ཆ་འཁོར་ལོ》ཡི་ནང་དུ། དེང་སྐབས་རྒྱ་ཁྱབ་ཏུ་མི་སྤྱོད་པའི་དེ་འདྲའི་བརྡ་རྙིང་པ་གཞན། “རྦད་ཁམ་དང་འདུ་སྒོ། ཀོ་ལོང་དང་ཁ་བྲོད། འབར་ཤ་དང་བསྡུག་གསོག”ལྟ་བུ་ཉི་ཤུ་ལྷག་ཙམ་ཐོན་ཡོད་པར། དགེ་སྐྱོན་སོགས་ཀྱི་ཐད་ནས་དཔྱད་པ་ཞུ་མི་ཕོད་རུང་། དེ་ཉིད《བློ་སྦྱོང་མཚོན་ཆ་འཁོར་ལོ》ཡི་རྗོད་བྱེད་ཚིག་གི་ཁྱད་ཆོས་སུ་བགྲང་ཆོག་སྙམ།
གསུམ་པ། ཚིག་རྒྱན་སྦྱར་བ།
གཞུང་འདིའི་མཛད་པ་པོ་དང་ལོ་ཙཱ་བ་གཉིས་ཀ་རྒྱ་གར་གྱི་མི་ཡིན་པས་མིན་ནམ་ཅི་སྟེ། 《བློ་སྦྱོང་མཚོན་ཆ་འཁོར་ལོ》རང་རེའི་སྐད་དུ་སྒྱུར་དུས། མེ་ལོང་མ་ད་དུང་བོད་དུ་དར་མེད་ཀྱང་། 《སྙན་ངག་མེ་ལོང》གི་འབྲེལ་ཡོད་ཤེས་བྱ་ཁྱེར་ནས་གཞུང་འདིའི་རྗོད་བྱེད་ཚིག་ལ་བརྟགས་ན། སྙན་ངག་གི་རྒྱན་ངོས་བཟུང་ཐུབ་པའང་གང་མང་སྣང་སྟེ། དཔེར་ན། “ཆུ་ཤིང་བཞིན་དུ་སྲོག་ལ་སྙིང་པོ་མེད། །ལྦུ་བ་བཞིན་དུ་ཚེ་ལ་སྙིང་པོ་མེད། །ཁུག་སྣ་བཞིན་དུ་བཏུད་ན་འཇིག་པ་ཡིན། །སྨིག་རྒྱུ་བཞིན་དུ་རྒྱང་ནས་མཛེས་པ་ཡིན། །”ཞེས་པ་ལྟ་བུར་རིམ་གྱིས། མཚོན་བྱའི་དོན་ཚེ་དང་། སྲོག འཇིག་རྟེན་པའི་ལས་བཅས་ལ། མཚོན་བྱེད་ཀྱི་དཔེ་ཆུ་ཤིང་དང་ལྦུ་བ། ཁུག་སྣ་དང་སྨིག་རྒྱུ་སོགས་བཀོད་ཅིང་། མཚུངས་ཆོས་སྙིང་པོ་མེད་པ་དང་། བཏུད་ན་འཇིག་པ། རྒྱང་ནས་མཛེས་པ་དངོས་སུ་བསྟན་པས་དེ་ནི་དཔེ་རྒྱན་གྱི་ནང་གསེས། དཔེ་དང་དཔེ་ཅན་མཚུངས་པའི་ཆོས། མཇུག་ཏུ་བཀོད་པ་ཆོས་དཔེ་ཡིན་པ་དང་། “ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེའི་གཤེད། །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་རྙིང་ལ་བསྣུན། །”ཞེས་པ་དང་། “ཡོད་ཡོད་འདྲ་སྟེ་ནམ་ཡང་ཡོད་མ་མྱོང་། །བདེན་བདེན་འདྲ་སྟེ་གང་དུའང་བདེན་མ་མྱོང་། །”ཞེས་པ་ལྟ་བུ་ནི་སྒྲ་རྒྱན་གྱི་ནང་གསེས། ཚིག་སྦྱོར་གང་དུ་གཟུགས་མཚུངས་པའི། །ཡི་གེའི་བར་དུ་ཚིག་གཞན་གྱིས། །ཆོད་དང་མ་ཆོད་ཅི་རིགས་པས། །ཡང་ཡང་བསྐོར་བ་ཟུང་ལྡན་རྒྱན་ཞེས་རྒྱན་འདི་ཉིད་སྦྱར་བ་ལགས་ཤིང་། དེ་ལས་ཀྱང་སྔ་མར་བར་ཆོད་པའི་ཟུང་ལྡན་རྒྱན་དང་ཕྱི་མར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་རྒྱན་སྤྱད་འདུག་པས། ཚིག་རྒྱན་གང་མང་སྦྱར་བ་དེའང《བློ་སྦྱོང་མཚོན་ཆ་འཁོར་ལོའི》རྗོད་བྱེད་ཚིག་གི་ཁྱད་ཆོས་སུ་མཐོང་།
(བསོད་ནམས་མཁའ་འགྲོ། བོད་ལྗོངས་སློབ་ཆེན། རྩོམ་ཡིག་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ལས་གཞིའི་ཁོངས་ཡིན། ལས་གཞིའི་ཨང་རྟགས་ནི། 2022-GSP-S090)