བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་ཟླ་6ཚེས་13ཉིན་ལྷོ་ཁར་སྤེལ་རྒྱུ་ཡིན་པ།
ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་ཟླ་6ཚེས་13ནས་18ཉིན་བར་ལྷོ་ཁ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོས“གངས་ལྗོངས་ཀྱི་མཆོག་ནོར། བོད་ཀྱི་འབྱུང་གནས་ལྷོ་ཁ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཡུལ་སྐོར་བ་དང་གྲོང་མིར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱ་རྒྱུ་ཡིན་ཞིང་། ཟླ་6ཚེས་13ཉིན་གྱི་དགོང་མོར། བྱེད་སྒོ་དེ་ལྷོ་ཁའི་མེ་འཁོར་བབས་ཚུགས་མདུན་གྱི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་རྒྱུ་མ་ཟད། འགོ་ཚུགས་མཛད་སྒོ་དང་རིག་རྩལ་མཚན་ཚོགས་གཉིས་དུས་མཉམ་དུ་གཉེར་རྒྱུ་ཡིན་པ་རེད།
བྱེད་སྒོ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་མི་རིགས་ལམ་དུ“མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས། མཁས་བརྒྱ་འགྲན་གླེང”གི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་ཐོན་རྫས་ཕྱིར་ཚོང་དང་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་ཚོང་འདུས་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་100ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་ཡིན་པར། སྲོལ་རྒྱུན་ལག་རྩལ་དང་། ཞིམ་ཟས། རྒྱན་གོས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཡུལ་སྐོར་བ་དང་གྲོང་མིས་ས་གནས་ས་ཐོག་ནས་མྱོང་རོལ་དང་བཟོ་རྩལ་སྟོན་པ་སོགས་ཀྱི་བྱེད་སྟངས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཟོ་བའི་བརྒྱུད་རིམ་ལ་རྒྱུས་མངའ་ཐུབ་པ་མ་ཟད། ད་དུང་དྲ་ཐོག་དང་དྲ་ཕྱི་བརྒྱུད། ཐད་གཏོང་ཟོག་ཚོང་སོགས་མཉམ་འགུལ་ཆེད་ཚོང་ཁུལ་དང་མཉམ་འདྲེས་ཐུབ་པར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཉོ་ཆོག
2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་མི་དེ་བས་མང་བས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ངོ་མཚར་ཉམས་སུ་མྱོང་ཐུབ་པར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཞུགས་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཤིང་། དེའི་ནང་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། སྲོལ་རྒྱུན་གྱི་གསོ་བ་རིག་པ། དམངས་སྲོལ་སོགས་རིགས་ཆེན་པོ་བཅུ་ཚུད་ཡོད། དེའི་ནང་གི་གླིང་སྒྲུང་དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་རྣམ་གྲངས་གསུམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བདམས་པ་ལས། བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་རྒྱ་ཁྱབ་ཀྱི་ཤུགས་རྐྱེན་ཐེབས་ནུས་གང་ལེགས་མངོན་ཡོད། མིག་སྔར། བོད་དུ་ཁྱོན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཁག་105དང་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་ཁག་460ཡོད་པ་དང་། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་96དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་522ཡོད་པས་རིམ་པ་ཁ་གསལ་ལ་རྒྱུན་འཛིན་གོ་རིམ་ལྡན་པའི་སྲུང་སྐྱོང་མ་ལག་ཅིག་གྲུབ་ཡོད།