དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • རིག་རྩལ་སྟོན་མོ་བཤམས། དམངས་ཀྱི་ཡིད་དབང་བཀུག

    ​ ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-04

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། བོད་ཀྱི་མི་དམངས་ངོས་ནས་བརྗོད་ན། ཟླ་5ཚེས་23ནས་ཚེས་25ཉིན་བར་ལྷ་ས་གྲོང་ཁྱེར་དང་འདམ་གཞུང་རྫོང་དུ་སྔ་རྗེས་སུ་སྤེལ་བའི“མི་དམངས་དང་འགྲོགས”ཞེས་པའི་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། རིག་རྩལ་པ་གྲགས་ཅན་དང་རིག་རྩལ་དང་བླངས་པས་གཞི་རིམ་གྱི་རིག་རྩལ་ཤེས་ལྡན་པ་དང་སྤེལ་བའི་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་ཞིག་དེ་བས་ཀྱང་རེད། ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བརྒྱུད་ཆ་སྒྲིག་གྲུབ་འབྲས་འགྲེམས་སྟོན་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་རྒྱལ་ནང་གི་རིག་རྩལ་པ་གྲགས་ཅན་མང་པོ་ཞིག་གིས་བོད་ལྗོངས་འོས་སྦྱོར་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད་པ་རེད།

    ཆ་སྒྲིག་རོགས་སྐྱོར་ལ་བརྟེན་ནས། རང་ལྗོངས་ཀྱི་རིག་རྩལ་བྱ་གཞག་ལ་ཉམས་མྱོང་བཟང་པོ་སྤེལ་བ།

    ཟླ་5ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་གླུ་གར་ཚོགས་པར་སྐུ་མགྲོན་གཉིས་ཕེབས་ཤིང་། པེ་ཅིང་ཞབས་བྲོ་སློབ་གླིང་གི་གཞོན་ནུ་ཞབས་བྲོ་མཁས་ཅན་ཧུའུ་ཡུས་ཐིང་དང་སུན་ཁོ་ཆེད་མངགས་རང་ལྗོངས་སུ་གཞི་རིམ་གྱི་རིག་རྩལ་ཤེས་ལྡན་པ་དང་སྤེལ་རེས་དཔྱད་བསྡུར་བྱེད་པར་ཡོང་བ་རེད།

    ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིག་རྩལ་པ་གྲགས་ཅན་དང་རིག་རྩལ་དང་བླངས་པས་རང་ལྗོངས་ཀྱི་གཞི་རིམ་གྱི་རིག་རྩལ་ཤེས་ལྡན་པ་དང་གཅིག་རྗེས་གཉིས་མཐུད་ངང་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ནས་རང་ལྗོངས་ཀྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་བར་ཉམས་མྱོང་བཟང་པོ་སྤེལ་བ་རེད།

    བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུའང་བྱེད་སྒོ་དེ་འདྲ་ཞིག་སྤེལ་བཞིན་ཡོད་པ་སྟེ།

    ཀྲུང་གོ་རིག་རྩལ་དང་བླངས་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“100བྱས་པ་བཞིའི”དང་བླངས་པ་ཡག་ཤོས། གཞོན་ནུ་གཞས་པ་བཅས་ཡིན་པའི་ཕིང་ཨན་གྱིས་རང་ལྗོངས་ཀྱི་ན་ཆུང་མཉམ་གཞས་ཚོགས་པ་འབའ་ཞིག་སྟེ། བོད་ལྗོངས་ཇོ་མོ་གླང་མ་ན་ཆུང་མཉམ་གཞས་ཚོགས་པ་དང་དྲོ་སྐྱིད་ལྡན་པའི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

    དབྱར་འགོའི་འདམ་གཞུང་རྩྭ་ཐང་དུ་སྔར་བཞིན་གྲང་ངད་ཅུང་ཙམ་ལྡང་ཞིང་། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་ཡན་ལག་རུ་ཆུང་གི་སྒྱུ་རྩལ་མཁས་ཅན་ཚོས་ས་བབ་མཐོ་ལ་གྲང་ངད་ལྡང་ཞིང་གསོ་རླུང་དཀོན་པར་མ་འཛེམ་པར་ས་བབ་སྨི་4300ཟིན་པའི་འདམ་གཞུང་རྫོང་དུ་བསྐྱོད་དེ་འདམ་གཞུང་རྫོང་གི་སྒྱུ་རྩལ་ཚོགས་པ་དང་ས་གནས་ཀྱི་རིག་རྩལ་གནས་ཚུལ་དང་འཕེལ་རྒྱས་ཀྱི་དགོས་མཁོའི་ཐད་བཞུགས་མོལ་སྤེལ་རེས་བྱས་པ་རེད།

    འཁྲབ་སྟོན་སྤེལ་རེས་ལ་བརྟེན་ནས། སྒྱུ་རྩལ་གྱི་མེ་ཏོག་ས་མཐོར་རབ་ཏུ་བཞད་པར་བྱེད་པ།

    ཟླ་5ཚེས་25ཉིན་གྱི་སྔ་དྲོར། སྦྲང་ཆར་ཟིམ་ཟིམ་འབབ་མཚམས་ཆད་པ་དང་སྦྲགས། ལྷ་སར་གནམ་རིམ་བཞིན་དྭངས་པ་དང་གནམ་སྔོན་སྤྲིན་དཀར་རབ་ཏུ་མཛེས། གནམ་གཤིས་གྲང་ཙམ་ཡོད་ཀྱང་གྲོང་ཤར་དུ་གནས་པའི་ཀྲོའུ་ཅི་ཐང་ཆེན་དུ་འཁྲུག་ཆ་ཤིན་ཏུ་དོད།

    དེ་ཉིན་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་4000ལྷག་ཙམ་གྱིས་མཉམ་དུ་ཚད་གཞི་མཐོ་བའི་རིག་རྩལ་འཁྲབ་སྟོན་དེར་བལྟས་ཤིང་། གཡན་ཝུའེ་ཝུན་དང་། ཀྲང་ཧྥུང་དབྱི། ལི་ཏན་དབྱང་། ཧོ་ཅ་ལིན། ལི་ཡུས་ཀང་། ཀྲུའུ་ཤུན། སུན་ཆན། ཕིང་ཨན། འཇམ་དབྱངས་སྒྲོལ་མ། ཝུའུ་ལན་ཐུའུ་ཡ། དཔལ་ལྡན་དབང་ཕྱུག ཚེ་རིང་གཡང་འཛོམས་སོགས་རྒྱལ་ནང་གི་མི་རིགས་མི་འདྲ་བའི་སྒྱུ་རྩལ་མཁས་ཅན་མང་པོ་ཞིག་མཉམ་དུ་འཛོམས་ནས་གླུ་གར་དང་། ལྷ་མོ། གྱེར་འདོན། དགོད་བྲོའི་གཏམ་གླེང་སོགས་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60སོང་རིང་གི་འཕོ་འགྱུར་ཆེན་པོ་གསོན་ཉམས་དོད་པོས་མངོན་པ་དང་མི་རིགས་མཉམ་འདྲེས་གླུ་དབྱངས་སྙན་མོ་མཉམ་དུ་བླངས་པ་རེད།

    མི་སྣ་གྲགས་ཅན་གྱི་འབོད་བརྡར་བརྟེན་ནས། བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་མགྲིན་ཚབ་པ་བྱས་ཏེ་དགའ་མོས་མཐོ་རུ་བཏང་བ།

    ཉིན་འགའ་ཤས་རིང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་ལ་དགའ་མོས་བྱེད་ཚད་སླར་ཡང་འཕར་བ་དང་། སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་ཁག་གི་ཐོག་མི་སྣ་གྲགས་ཅན་གྱི་འབོད་བརྡ་རྒྱུན་ཆད་མེད་པར་བརྒྱུད་བསྐུར་བྱེད་ཀྱི་ཡོད།

    ཀྲང་ཧྥུང་དབྱིས་འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁ་དང་མཛེས་ལྗོངས་གྲགས་ཅན་གནམ་མཚོར་སྤྲོ་གསེང་ལྟ་སྐོར་དུ་བསྐྱོད་པ་མ་ཟད། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་བོད་དུ་ལྟ་སྐོར་ལ་ཡོང་བར་དགའ་བསུ་ཞུས་པ་རེད།

    “བོད་དུ་ལུས་སེམས་ཧ་ཅང་འཕྲོད་པའི་སྣང་བ་འདུག་ལ་ལྷོད་ལྷོད་ཀྱང་བྱུང་། ལམ་བར་དུ་སྟབས་བདེ་བྱུང་ལ་གཟུགས་པོ་མི་བདེ་བའམ་ལ་དུག་བརྒྱབ་པ་སོགས་གང་ཡང་མ་བྱུང”ཞེས་བོད་དུ་ཐེངས་གཉིས་ཡོང་མྱོང་བའི་གླུ་མ་ཝུའུ་ཁོའོ་གཡོད་ཀྱིས་བོད་ལ་དགའ་ཞེན་མཚོན་པར་བྱས།

    ལྟད་མོ་བ་མང་པོ་ཞིག་གིས་བསྐོར་ནས་མཉམ་པར་རྒྱག་བཞིན་པའི་གཡན་ཝུའེ་ཝུན་གྱིས“བོད་ལ་ཐེངས་དང་པོ་ཡོང་སྐབས་ནི་ལོ་40གོང་རེད། སྔ་རྗེས་སུ་ཐེངས་དྲུག་ཡོང་བ་ཡིན། ཡོང་རིམ་བཞིན་མྱོང་ཚོར་མི་འདྲ་བ་ཡོང་གི་འདུག འོན་ཀྱང་བོད་ཀྱི་མཛེས་ཉམས་ནི་རྩ་བ་ནས་འགྱུར་ལྡོག་ཕྱིན་མི་འདུག་ལ་མཁའ་རླུང་ཡང་གཙང་མ་འདུག ད་ཐེངས་བོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དངོས་སུ་ཚོར་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    དེ་དང་ཆབས་ཅིག རི་མོ་མཁས་ཅན་ཧོ་ཅ་ལིན་གྱིས་ད་ཐེངས་བོད་དུ་འཁྲབ་སྟོན་ལ་ཡོང་བའི་གོ་སྐབས་དང་བསྟུན་ནས་ལྷ་སར་ཟབ་སྐྱོད་གསར་རྩོམ་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་རྒྱབ་ལྗོངས་སུ་བྱས་ནས་རི་མོའི་བརྩམས་ཆོས《གོས་ལྗང་གིས་བཀླུབས་པའི་གངས་ལྗོངས》གསར་རྩོམ་བྱས་པ་རེད། ཧོ་ཅ་ལིན་གྱིས“ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། བརྩམས་ཆོས་འདི་བརྒྱུད་མི་དེ་བས་མང་བས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དོ་ཁུར་དང་ས་གཞི་འདིའི་སྟེང་གི་ལྗང་མདོག་གི་ངོ་མཚར་ལ་བདེན་དཔང་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།