བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལོ་རྒྱུས་གནད་དོན་གལ་ཆེན་ཞིབ་འཇུག་གི་ཆེད་དོན་རྣམ་གྲངས་ཐོག་མའི་ཁ་བྱང་གཏན་འཁེལ་ཚོགས་འདུ་འཚོགས་པ།
ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲོའུ་རུན་ཉན་གྱི་ཚོགས་པར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལོ་རྒྱུས་གནད་དོན་གལ་ཆེན་ཞིབ་འཇུག་གི་ཆེད་དོན་རྣམ་གྲངས་2024ལོ་འཁོར་གྱི་འོས་སྐུལ་རྣམ་གྲངས་གལ་ཆེན་ཏེ། “གསར་རྙེད་ཐུབ་པའི་མིང་ཆིང་དུས་སྐབས་ཀྱི་ཀྲུང་དབྱང་དང་ས་གནས་དབར་གྱི་འབྲེལ་བའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་རིག་དངོས་ལེགས་སྒྲིག་དང་ཞིབ་འཇུག”ཅེས་པའི་ཁ་བྱང་གཏན་འཁེལ་ལ་རིགས་པས་ཁུངས་སྐྱེལ་ཚོགས་འདུ་འཚོགས་པ་རེད། རྒྱལ་ཡོངས་ས་གནས་ཁག་གི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། མཐོ་སློབ། དེ་བཞིན་དཔེ་སྐྲུན་ཚན་པ་བཅས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་གྱིས་མཉམ་དུ་འཛོམས་ནས་ཞིབ་འཇུག་བྱ་གཞི་ཇུས་འགོད་དང་། ཞིབ་འཇུག་ཐབས་ལམ། རིག་གཞུང་གི་རིན་ཐང་བཅས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་ཐུན་མོང་ཐོག་ཐབས་འདོན་ཇུས་འབུལ་བྱས་པ་རེད། ད་ཐེངས་ཀྱི་ཁ་བྱང་གཏན་འཁེལ་ཚོགས་འདུ་འཚོགས་པ་དེ་ཐོག་ནས་རྣམ་གྲངས་དེའི་ཞིབ་འཇུག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་ནི་ད་ལྟའི་དུས་མཚམས་ཀྱི་རང་རྒྱལ་གྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཞིབ་འཇུག་རིམ་པ་མཐོ་ཤོས་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ཐེབས་རྩའི་རྣམ་གྲངས་ཤིག་རེད།