《བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག(རྒྱ་ཡིག་དང་བོད་ཡིག་དཔར་མ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། 《བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག(རྒྱ་ཡིག་དང་བོད་ཡིག་དཔར་མ)》ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་དུས་དེབ་ཨང་རྟགས་ཐོབ་ནས་དུས་དེབ་ཐོག་མ་དེ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱལ་ནང་དང་རྒྱལ་ཕྱིར་ཏ་ལའི་ལོ་མའི་དཔེ་ཆར་ཞིབ་འཇུག་གི་ཆེད་ལས་དུས་དེབ་མེད་པའི་སྟོང་ཆ་བསྐངས་ཤིང་། བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཆེད་ལས་ཅན་དང་ཕྱོགས་བསྡུས་ཅན་གྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ལྗོངས་སུ་ད་བར་ཉར་ཚགས་བྱས་པའི་ལེགས་སྦྱར་ཡི་གེའི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ(དེའི་ནང་ཤོག་ཐོག་གི་ལེགས་སྦྱར་ཡི་གེ་བྲིས་མ་དང་ལེགས་སྦྱར་གྱི་བོད་ཡིག་ཡིག་གཟུགས་བྲིས་མ་ཁག་གཅིག་ཚུད་པ)པོ་ཏི(རིགས)1000ལྷག་ཙམ་དང་ལོ་མ་ཁྲི་6ཙམ་ཟིན་པའི་ནང་། མི་ཉུང་བ་ཞིག་དཔེ་རྒྱུན་དཀོན་རིགས་དང་། གནའ་དཔེ་རྩ་ཆེན། དཔེ་ཆ་རྩ་ཆེན་བཅས་ཡིན་པ་དག་ནང་བསྟན་མཚན་ཉིད་རིག་པ་དང་། མི་ཆོས་རིག་པ། གཏན་ཚིགས་རིག་པ། སྒྲ་རིག་པ། སྙན་ངག མངོན་བརྗོད། གསོ་བ་རིག་པ། གནམ་རིག་སྐར་རྩིས་སོགས་ཀྱི་ནང་དོན་མང་པོ་དང་འབྲེལ་བས། ནང་བསྟན་ཀྲུང་གོ་ཅན་དང་། ཀྲུང་གོ་དང་རྒྱ་གར་དབར་གྱི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་རྒྱུ་ཆ་ཨང་དང་པོ་རྩ་ཆེན་མཁོ་འདོན་ཐུབ་ཡོད།
ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་འདི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས)གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གིས་གཉེར་འགན་ཁུར་བ་ཞིག་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། པེ་ཅིང་སློབ་ཆེན། པེ་ཅིང་ཕྱི་སྐད་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀུའེ་ཀྲོའུ་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་པ་དང་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་ཚོགས་འདུར་ཞུགས་ཡོད།