དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ན་ཆུང་བྱིས་པར་ཕུལ་བའི་ཀ་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཞི་ཚང་ཟླ་བ་གྲགས་པ།   |     སྤེལ་དུས།  2025-06-01

    ཀ་ར་ངན་ངོན་ཙམ་གྱིས་བློ་འཚེངས་ཤིང་། །

    ཁ་ཁོག་འགལ་བའི་བྱ་བ་མི་སྒྲུབ་པ། །

    ག་ནས་བསམས་ཀྱང་ན་ཆུང་བྱིས་པའི་དུས། །

    ང་ཡི་སེམས་ནས་བརྗེད་ཐབས་མི་འདུག་ཨང་། །

    ཅ་གའི་ནོར་ལ་འདོད་རྔམ་མི་ཆེ་ཞིང་། །

    ཆ་ལུགས་རྫུན་མའི་གར་ཡང་མི་འཁྲབ་པ། །

    ཇ་ཡུན་ཙམ་ཡང་སེམས་ཁྲལ་མེད་པའི་ངང་། །

    ཉ་གང་ཟླ་བ་བཞིན་དུ་འཛུམ་མདངས་རྒྱས། །

    ཏ་ལེན་ཁུར་གྱིས་ལུས་སེམས་མ་དུད་ཅིང་། །

    ཐ་མའི་རིགས་ལ་ངན་མཚང་མི་བརྗོད་པ། །

    ད་ནས་བཟུང་ཞེས་སྟོང་བསམ་སྒོམ་མི་བྱེད། །

    ན་ཐང་ཡིན་ཡང་སྤྲོ་དགའི་གནས་སུ་སྒྱུར། །

    པ་ཝ་སངས་ལྟར་ལྷག་བསམ་དཀར་བ་དང་། །

    ཕ་མ་གཅེན་གཅུང་གཡོ་སྒྱུའི་ལས་མི་སྒྲུབ། །

    བ་བེའུ་འཚོ་ལུགས་ཙམ་ཡང་མི་ཤེས་ཀྱང་། །

    མ་ཤེས་ཤེས་མདོག་ནམ་ཡང་སྟོན་མི་བྱེད། །

    ཙ་རི་ལ་སོགས་འཁྱམ་ལ་མི་དགའ་ཞིང་། །

    ཚ་གྲང་དམྱལ་བའི་གནས་ལ་མི་དོགས་པ། །

    ཛ་ལང་སྤྱོད་པས་རང་གཞན་མི་ཕུང་བར། །

    ཝ་མོ་བཞིན་དུ་ཞི་ཞིང་དུལ་བར་གནས། །

    ཞ་ལག་ཚང་ཞེས་ཕོ་བསྟོད་མི་བྱེད་ཅིང་། །

    ཟ་མ་མོ་ཞེས་ཁྱད་དུ་མི་གསོད་པ། །

    འ་ཅག་ཁྱེད་ཅག་ཕྱོགས་རིས་མི་བྱེད་པར། །

    ཡ་ག་མེད་པའི་སྲོང་གཏམ་ཀུན་ལ་བརྗོད། །

    ར་རོ་བཞིན་དུ་ཆང་བཟི་མི་བྱེད་ཅིང་། །

    ལ་ལུང་ཉུལ་ནས་རུ་སྡེ་མི་དཀྲུགས་པ། །

    ཤ་རུས་གཅིག་པའི་ལ་རྒྱ་མི་ཤེས་ཀྱང་། །

    ས་ཕྱོགས་གྲུབ་མཐའ་བཟང་ངན་རྩོད་མ་ཡིན། །

    ཧ་ལས་མཁས་པའི་ཡོན་ཏན་མ་སྨིན་ཞིང་། །

    ཨ་དོན་འབྱོངས་པའི་གྲུབ་རྟགས་མི་ལྡན་པ། །

    ཧ་ཧ་དགོད་སྒྲ་གཅིག་པུས་འཚོ་བ་ཡི། །

    ཨ་ཉོག་འདི་ཚོར་དངོས་གནས་སྐྱིད་ཅིག་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།