ང་ནི་བྱིས་པ་ཆུང་ཆུང་ཞིག་ཡིན།
བཅུ་གསུམ་ལོ་ཡི་ལང་ཚོ་ཟད་ནའང་། །
མཉེན་ཞིང་འཇམ་པའི་གཟུགས་འདི་རྒྱས་ནའང་། །
དཔྲལ་བར་གཉེར་མ་ཅུང་ཟད་ཡོད་ནའང་། །
ང་ནི་ཕ་མ་གཉིས་ཀྱི་བྱིས་པ་ཡིན། །
འཛུམ་གྱི་མེ་ཏོག་གདོང་གི་ངོས་ན་རྒྱས། །
སོ་ཡི་མེ་ཏོག་མཆུ་ཡི་པདྨར་བཞད། །
སེམས་ཀྱི་མེ་ཏོག་གངས་རིའི་རྩེ་ན་འཁྲུངས། །
ང་ནི་བོད་ཀྱི་བྱིས་པ་ཆུང་ཆུང་ཡིན། །
དབྱངས་གསལ་སོ་བཞིའི་རོལ་མོ་ང་ཡིས་དཀྲོལ། །
རིག་གནས་བཅུ་ཡི་རྒྱུད་མངས་ང་ཡིས་འཐེན། །
སྡེབ་སྦྱོར་སྙན་པའི་ལེགས་བཤད་ང་ཡིས་མགུར། །
ང་ནི་རིགས་བཟང་བུ་ཡི་བྱིས་པ་ཡིན། །
སྦྲང་ཆར་བསིལ་མའི་ཤག་ཤག་དབྱངས་སྙན་ཁྲོད། །
གསར་དུ་འབུས་པའི་ལྗང་མྱུག་ལོ་མ་ཅན། །
རྩྭ་ཐང་ངོས་སུ་ལུ་གུའི་སྒོར་གཞས་འཁྲབ། །
ང་ནི་འབྲོག་སའི་བྱིས་པ་ཆུང་ཆུང་ཡིན། །
ཤེལ་གྱི་མཆོད་རྟེན་ཟུག་པའི་གངས་རི་ཡི། །
མགུལ་ནས་བརྡོལ་བའི་རྫ་ཆུ་སྔོན་མོའི་ཁྲག །
ལུས་ཀྱི་གསེང་དུ་རྒྱུ་བའི་རྣམ་རིག་ཅན། །
ང་ནི་གདོང་དམར་བོད་ཀྱི་བྱིས་པ་ཡིན། །
ངག་ལ་འཁྱིལ་བའི་གླུ་དབྱངས་བོད་ཀྱི་ཡིན། །
གཤིས་ལ་འཁྲུངས་པའི་སྙིང་རྗེ་བོད་ཀྱི་ཡིན། །
སྨུག་ཅིང་གནག་པའི་བཞིན་རས་བོད་ཀྱི་ཡིན། །
ང་ནི་བོད་ཀྱི་བྱིས་པ་ཆུང་ཆུང་ཡིན། །