དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • སྤོ་བོ་རྫོང་གིས་གཞི་རིམ་སྨན་བཅོས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་བོད་ལུགས་གསོ་རིག་གི་ཐོན་ཁུངས་སྔོག་འདོན་བྱས་པ།

    གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གིས་བདེ་ཐང་གི་དར་སྲོལ་གསར་པར་ཁྲིད་སྟོན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-31

    སྤོ་བོ་རྫོང་རྒུ་ཤང་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་ཁང་དུ་སྐྱོད་སྐབས་ལུམས་བཅོས་ཁང་གི་སྨན་དོན་མི་སྣ་སྨན་བརྗེ་བའི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་བྱུང་།

    སྤོ་བོ་རྫོང་ཀ་གནམ་གྲོང་ཚོའི་གྲོང་མི་འབྲུག་གྲགས་ཞོགས་པ་སྔ་མོ་ནས་ཡོང་སྟེ། དེ་གར་ལུམས་བརྒྱབ་རྗེས་ནད་ཁྲིའི་སྟེང་དུ་མེ་བུམ་རྒྱག་པར་སྒུག་བཞིན་འདུག འབྲུག་གྲགས་གིས“ཆར་པ་ཡང་སེ་བབས་རྗེས་ངའི་རྐེད་པར་ན་ཟུག་ཆེན་པོ་གཏོང་གི་འདུག 2022ལོ་ནས་བཟུང་དཔྱིད་ཀ་དང་སྟོན་ཁར་འདི་གར་སྨན་ལུམས་ཐེངས་རེ་རྒྱག་པར་ཡོང་གི་ཡོད། སྨན་ལུམས་བརྒྱབ་ཚེ་ན་ཟུག་ཡང་དུ་འགྲོ་གི་འདུག”ཅེས་བཤད།

    སྨན་ལུམས་ལ“བདུད་རྩི་ལྔ་ལུམས”ཡང་ཟེར་གྱི་ཡོད་པ་དང་། དེ་ནི་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན《དཔལ་ལྡན་རྒྱུད་བཞིའི》ནང་ཐོག་མར་བཀོད་ཡོད། 2018ལོར་སྨན་ལུམས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ་རེད།

    “ང་ཚོའི་རྒུ་ཤང་འཕྲོད་བསྟེན་ཁང་གིས་2019ལོའི་ཚུན་བོད་ལུགས་གསོ་རིག་གི་ལུམས་བཅོས་བྱེད་འགོ་བཙུགས་པ་ཡིན། ད་ལྟ་ལུམས་བཅོས་ཤིང་ཟོམ་ལྔ་ཡིས་ས་གནས་འདི་གའི་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་བསྐངས་ཐུབ་ཀྱི་འདུག དཔྱིད་ཀ་དང་སྟོན་ཁར་སྨན་ལུམས་རེ་རྒྱག་དགོས་པ་དང་བཅོས་ཡུན་ཉིན་བདུན་ཡིན། གཞན་ཡང་ང་ཚོས་ནད་པར་བོད་སྨན་གྱི་རྐང་ལུམས་རྒྱག་པ་སོགས་ཀྱི་ཞབས་འདེགས་ཡང་ཞུ་གི་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་མི་ཐེངས་200ལྷག་ཙམ་ལ་སྨན་ལུམས་བརྒྱབ་པ་ཡིན”ཞེས་སྤོ་བོ་རྫོང་རྒུམ་ཤང་འཕྲོད་བསྟེན་ཁང་གི་སྨན་པ་དབང་འདུས་ཀྱིས་བཤད།

    སྤོ་བོ་རྫོང་སྨན་རྩིས་ཁང་གི་སྨན་ལུམས་ཚན་ཁག་ཏུ་ལུམས་རྒྱག་པར་ཡོང་མཁན་ནད་པ་རྒྱུན་ཆད་རྒྱུ་མེད་ཅིང་། སྨན་རྩིས་ཁང་གིས་སྔོན་ནས་མངགས་པའི་ནད་པའི་མི་གྲངས་གཞིར་བཟུང་། ཉིན་རེར་ནད་པ་ཁག་ཐེངས་གསུམ་ལ་དབྱེ་ནས་སྨན་བཅོས་བྱེད་པ་དང་ཁག་ཐེངས་རེར་ནད་པ་12ལ་སྨན་ལུམས་རྒྱག་གི་ཡོད། སྨན་དོན་མི་སྣས་ཚད་ལྡན་སྨན་ལུམས་ཀྱི་གོ་རིམ་ནན་པོ་གཞིར་བཟུང་དངོས་ལུགས་ཀྱི་གསོ་བཅོས་བྱེད་པ་དང་། ནད་པའི་ཁྲག་ཤེད་དང་ཁྲག་དབྱང་ལོངས་ཚད་སོགས་གཟུགས་པོའི་སྟོན་རྟགས་གལ་ཆེན་ཚད་ལོན་ཚེ་གཞི་ནས་ནད་པ་སྨན་ལུམས་རྒྱག་པར་བཀོད་སྒྲིག་བྱེད་ཀྱི་ཡོད།

    སྤོ་བོ་རྫོང་རྡོ་རྗེ་ཤང་ཐང་ཚན་གྲོང་ཚོའི་གྲོང་མི་བུ་ལོར་གྲུམ་ནད་ཕོག་ནས་ལོ་མང་པོ་ཕྱིན་པ་དང་། གཉེན་ཉེ་དང་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད། སྤོ་བོ་རྫོང་སྨན་རྩིས་ཁང་དུ་སྨན་ལུམས་གསོ་བཅོས་བྱེད་པར་ཡོང་། “སྨན་ལུམས་དུས་ཐོག་ཏུ་བརྒྱབ་རྗེས་ད་ཆ་གྲུམ་ནད་ཡང་དུ་སོང་ནས་གོམ་པ་བརྒྱབ་དུས་སྣང་དག་མི་འདུག”ཅེས་བུ་ལོ་ཡིས་བློ་ཡིད་ཚིམ་པོས་བཤད།

    སྤོ་བོ་རྫོང་སྨན་རྩིས་ཁང་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཡོན་ཀྲང་ལིང་ཅིའུ་ཚན་གྱིས“སྨན་ལུམས་བརྒྱབ་ན་མི་འཚམ་པའི་དམིགས་བསལ་ནད་པར་ང་ཚོའི་སྨན་དོན་མི་སྣས་བདུད་རྩི་སྨན་གྱི་བྱུག་པ་དང་། གསེར་ཁབ། བོད་སྨན་གྱི་བྱུག་སྨན་དང་ཀོ་ཡོལ་སྦྱར་ཐབས་བཅས་ཟུང་འབྲེལ་བྱས་ནས་ནད་པར་སྨན་བཅོས་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    2018ལོར་སྨན་ལུམས་ཀྱི་ཁྱད་ཆོས་ལྡན་པའི་དངོས་ལུགས་ཀྱི་གསོ་བཅོས་བྱེད་འགོ་ཚུགས་པ་ནས་བཟུང་། སྤོ་བོ་རྫོང་སྨན་རྩིས་ཁང་གིས་རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་3000ལྷག་ཙམ་ལ་དཔྱད་བཅོས་བྱས་པའི་ནང་ནད་པ་མི་ཐེངས་ཁྲི་1.5ལྷག་ཙམ་ལ་སྨན་ལུམས་བརྒྱབ་པ་རེད། དེའི་རིང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་པགས་བཅོས་བྱེད་ཐབས་དུས་མཉམ་དུ་བཏོན་པས། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་2.4ལྷག་ཙམ་ལ་དངོས་ལུགས་གསོ་བཅོས་བྱས་ཡོད། སྨན་ལུམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་འབྲེལ་དྲག་སྐྱེད་བྱུང་བའི་ནད་པས་ཕན་ཚུན་བརྒྱུད་བསྒྲགས་བྱས་པ་དང་བསྟུན་ནས། མི་མང་པོ་ཞིག་གིས་རང་འགུལ་ངང་སྨན་ལུམས་ལ་རྒྱུས་ལོན་དང་དོ་ཁུར་བྱེད་འགོ་ཚུགས་ཏེ་དུས་རབས་གསར་པར་གནའ་བོའི་སྨན་ལུམས་གསོ་བཅོས་ལ་གསོན་ཤུགས་རྒྱས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།