གྲོང་ཚོར་བཅའ་སྡོད་ཀྱི་གཏམ་རྒྱུད་ཐོར་བུ།
ང་ད་ཐེངས་གྲོང་ཚོར་བཅའ་སྡོད་བྱེད་ཐེངས་གཉིས་པ་ཡིན། ཨ་མདོ་རྫོང་དུ་བཅའ་སྡོད་བྱེད་རིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤྱི་ཁྱབ་སྣེ་ཁྲིད་པའི་འགན་འཁུར་བཞིན་ཡོད། ཨ་མདོ་རྫོང་གི་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་པ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོ་76ཡོད། ཨ་མདོ་རྫོང་ནས་བར་ཐག་རིང་ཤོས་ཀྱི་གྲོང་རྡལ་བར་དུ་ལམ་ཐག་སྤྱི་ལེ་336དང་ཆེས་ཐག་རིང་བའི་འབྲོག་པའི་དུད་ཚང་བར་དུ་ལམ་ཐག་སྤྱི་ལེ་575ཡོད། འདི་གར་ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་བཅས་ཀྱི་རྐྱེན་པས་ཐོག་མར་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པའི་གནད་དོན་ལ་ཁྱད་གསོད་མཐའ་གཅིག་ཏུ་བྱ་རྒྱུ་དཀའ་ཁག་ཤིན་ཏུ་ཆེ། ད་ལྟ་ལོ་གཅིག་རིང་གྲོང་ཚོར་བཅའ་སྡོད་བྱས་པའི་མྱོང་བ་ལ་ཕྱིར་དྲན་བྱེད་སྐབས་ཚོར་བ་མང་པོ་ཞིག་སྣང་།
ངོ་སོ་བསྐྱུར་ན་མང་ཚོགས་ཀྱི་ཡིད་ཆེས་འཐོབ་པར་ངེས།
ང་རང་ཨ་མདོ་རྫོང་དུ་འབྱོར་ནས་ཉིན་འགའ་མ་འགོར་བར། ལག་ཏུ་གཞུང་ཡིག་ཁུག་མ་བཟུང་བ་དང་སེམས་སུ་དམངས་ལ་ཕན་པའི་ལས་ཀ་རྩེ་གྲ་ཞིག་བྱེད་འདོད་པའི་འཆར་གཞི་ཡོད་ཀྱང་། ཐེངས་དང་པོར་གྲོང་ཚོའི་དུད་ཚང་དུ་འཛུལ་སྐབས་ཨ་མ་རྒན་མོ་ཞིག་གིས་བོད་སྐད་ཐོག་ནས་ཆིག་ལབ་བརྒྱབ་ནས་སྒོ་ཁར་བཀག་བྱུང་། སྐབས་དེར་ངའི་སེམས་ནང་གལ་ཏེ་གྲོང་ཁྱེར་གྱི “ངོ་སོ”བསྐྱུར་མ་ཐུབ་ན། མང་ཚོགས་ཀྱི“ཡིད་ཆེས”འཐོབ་རྒྱུ་སྤྲོས་བྲལ་ཡིན་པའི་བསམ་བློ་འཁོར་བྱུང་བས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་ལས་དོན་ཁག་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་བྱ་བ་ཆུང་ཆུང་དེ་དག་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དོན་ཆེན་ཞིག་ཏུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་མཁས་བྱས་པའི་ཁར། དེ་བཞིན་ཅི་ནུས་ཅི་ལྕོགས་ཀྱིས་མང་ཚོགས་དང་ཉེ་བར་བཅར་ནས་བརྩེ་སེམས་ངོ་མས་མང་ཚོགས་དང་མཉམ་འདྲེས་བྱེད་ཀྱི་ཡོད།
མང་ཚོགས་ལ་དགོས་མཁོ་ཡོད་པའི་སྐབས་སུ་ཁོང་ཚོའི་རྟེན་ས་གཙོ་བོ་ཞིག་བྱེད་དགོས།
ངའི་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་ཤར་བ་ནི་ན་ནིང་དགུན་ཁར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གྱི་གཞོན་པ་བསྟན་པ་ཆོས་རྒྱལ་ལ་གློ་བུར་དུ་ནད་ཕོག་པ་དང་། རྐང་པའི་ཁྲག་རྩ་བརྡོལ་ནས་ཁྲག་མང་པོ་དོན། ནད་གཞི་ཅུང་ཚབས་ཆེ་བས་ལམ་སེང་ནང་སའི་སྨན་ཁང་དུ་སྨན་བཅོས་བྱེད་དགོས་སྟབས། ང་ཚོས་འཕྲལ་མར་སི་ཁྲོན་གྱི་སྐྲན་ནད་སྨན་ཁང་ཞིག་དང་འབྲེལ་བ་བྱས་པ་ཡིན། ང་ཚོའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མཁའ་སྐྱིད་ཀྱིས་རང་འགུལ་ངང་ལས་གནས་ཡིག་རྒྱུགས་གཏོང་བའི་གོ་སྐབས་བློས་གཏོང་བྱས་པ་དང་། ཁྲེང་ཏུར་ཕྱིན་ནས་ལོ་ཙཱ་དང་། ནད་གཡོག སྨན་ཁྲིད་པ་སོགས་བྱས་པ་མ་ཟད་དྲ་ལམ་ནས་མ་དངུལ་གྲབས་གསོག་སོགས་ཀྱི་དང་བླངས་ཞབས་ཞུ་བྱས་ཏེ། ནད་པར་ཚེ་སྲོག་གི་ལྗང་མདོག་བགྲོད་ལམ་ཞིག་བསྐྲུན་ཡོད། ཟླ་བ་གཉིས་ཀྱི་རྗེས་སུ་ནད་པའི་ཁྱིམ་མིས་ང་ཚོའི་ལག་པ་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཞེས་ཡང་ནས་བསྐྱར་དུ་བརྗོད་སྐབས། ངས་གློ་བུར་དུ་མང་ཚོགས་ཀྱིས་ཁྱེད་ནི“བློས་འགེལ་ཆོག་པ”ཞིག་རེད་ཟེར་བ་ནི་ཁྱེད་ཀྱིས་སྐད་ཆ་སྙན་པོ་ག་ཚོད་བཤད་པའི་རྐྱེན་གྱིས་མ་ཡིན་པར། ཁོང་ཚོར་དགོས་མཁོ་ཡོད་པའི་སྐབས་སུ་ཁོང་རྣམ་པའི“རྟེན་ས”གཙོ་བོ་ཞིག་ལ་འགྱུར་ཐུབ་པས་ཡིན་པ་ཤེས་བྱུང་།
ཨ་མདོ་རྫོང་རྐང་གཉིས་ཤང་ན་ནག་ཁྲ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མིར་སེམས་ཁུར་བྱས་ནས་རང་འགུལ་ངང་གློག་འཕྲིན་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། གྲོང་ཚོ་དེར་གློག་འཕྲིན་བརྡ་རྟགས་ས་ཚིགས་བསྐྲུན་པས། གྲོང་ཚོ་དེར་འཕྲིན་གཏོང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། གློག་འཕྲིན་བརྡ་རྟགས་མེད་པ་ནས་ཡོངས་ཁེབས་མངོན་འགྱུར་ཐུབ་ཡོད། གྲོང་མིས་སེམས་འགུལ་ཆེན་པོས“སྔོན་ཆད་ང་ཚོས་ཁ་པར་གཏོང་རེས་བྱེད་འདོད་ན་ལམ་ཐག་རིང་པོ་ཞིག་འགྲོ་དགོས་ཀྱི་ཡོད་མོད། ད་ལྟ་བརྡ་རྟགས་ཡོད་པས་ཧ་ཅང་ཡག་པོ་འདུག ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡུལ་གཞན་དུ་གནས་པའི་གཉེན་ཉེ་དང་འབྲེལ་གཏུག་བྱེད་ཐུབ་པར་མ་ཟད། ད་དུང་ཆ་འཕྲིན་དེ་བས་མང་བ་ཤེས་རྟོགས་བྱེད་ཐུབ། དེ་ནི་དངོས་གནས་དགའ་སྤྲོ་ཆེན་པོ་བྱེད་འོས་པའི་དོན་ཆེན་ཞིག་རེད”ཅེས་བཤད།
ང་རང་ད་དུང་དོན་དག་ཅིག་ལ་བག་ཆགས་ཟབ་མོ་འདུག་སྟེ། མཚོ་དམར་ཤང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྐལ་བཟང་བཤད་སྒྲུབ་ཀྱིས་དུད་ཚང་ཁག་ཏུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་རྗེས། རང་སྒེར་གྱིས་དངུལ་བཏང་ནས་སྔ་རྗེས་སུ་གྲོང་ཚོའི་དྭ་ཕྲུག་3དང་། སློབ་ཆེན་སློབ་མ་8 དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་འཚམས་འདྲིའི་དངུལ་སྒོར་ཁྲི་5ལྷག་ཙམ་སྤྲད་པས་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གཅིག་གིས་དངུལ་དེ་འདྲ་མང་པོ་ཞིག་བཏང་ནས་མང་ཚོགས་ལ་ཕན་པའི་ལས་བྱས་པ་ནི་ཅི་འདྲའི་བླ་ན་མེད་པ་ཞིག་རེད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲོ་སྐྱིད་དང་བྱམས་སེམས་བརྒྱུད་སྤྲོད་བྱས་ཏེ། གྲོང་ཚོར་བཅའ་སྡོད་ལས་བྱེད་པར་གཟུགས་བརྙན་ཧ་ཅང་བཟང་པོ་ཞིག་བཏོད་ཡོད་པ་མ་ཟད། སྤྱི་ཚོགས་ལའང་དྲང་ཕྱོགས་ཀྱི་ནུས་ཤུགས་བསྣན་ཡོད།
གྲོང་ཚོར་བཅའ་སྡོད་བྱེད་རིང་གཏམ་རྒྱུད་ད་དུང་མང་པོ་ཞིག་ཡོད་པས་ཕྱིར་དྲན་བྱེད་སྐབས། ལོ་གཅིག་རིང་གི་མྱོང་ཚོར་ཆེ་ཤོས་ནི་གྲོང་ཚོར་བཅའ་སྡོད་ལས་དོན་ནི་དཀའ་ཚེགས་དང་འགྲན་སློང་གིས་ཁེངས་པའི་འགྲུལ་བཞུད་ཅིག་ཡིན་མོན། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་ནི་དྲོ་སྐྱིད་ལྡན་ཞིང་སེམས་འགུལ་ཟབ་མོ་ཐེབས་པའི་མི་ཚེའི་བརྒྱུད་རིམ་ཞིག་ཡིན། ངས་འདི་ནས་ན་གཞོན་ལས་བྱེད་པ་སྔར་ལས་མང་བ་ཞིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་བཅར་སྡོད་ལས་ཀར་ཞུགས་ནས་ནུས་ཤུགས་གང་ཡོད་ཀྱིས་ང་ཚོའི་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབས་ཏེ། ང་ཚོའི་མང་ཚོགས་ཀྱི་འཚོ་བ་ཏིལ་གྱི་མེ་ཏོག་བཞད་པ་ལྟར་རིམ་བཞིན་གོང་མཐོར་འགྲོ་བའི་རེ་འབོད་བྱ་རྒྱུ་ཡིན། (གཏམ་བཤད་སྤེལ་མཁན་ཡའོ་ཧའེ་ཇོན)
ཉི་མ་ཚེ་རིང་དང་ཚེ་བརྟན་རྡོ་རྗེས་བསྒྱུར་ཞུས་བྱས།