དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་དཔལ་བསུ་བའི་མགྲོན་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྨྱུག་ཞེན།   |     སྤེལ་དུས།  2025-05-25

    སྤྲིན་དཀར་དམར་འཁྲིཊ་པའི་ལྡིང་ཁང་ན། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་རུ། །

    ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲཊ། །

    ཆར་ཟིལ་མའི་ཆབ་རྒྱུན་ལྷོད་ཀྱིས་གཏོར། །


    ཐང་ཆེན་པོ་གསེར་ལྡན་སྒེག་མོ་ན། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་རུ། །

    མཛེས་མེ་ཏོག་ཞལ་ཁ་དལ་གྱིས་འབྱེད། །

    རྩྭ་རྩི་ཤིང་གཉོམ་ལག་ངང་གིས་རྒྱས། །


    ཆུ་གཙང་པོ་དར་ཁ་ལྷོད་དུས་ན། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་རུ། །

    ཉ་གསེར་མིག་རྐྱལ་རྩལ་ངོམ་དུ་ཕེབས། །

    ཆུ་ཆེན་པོའི་བཞུར་སྒྲ་སྔར་ལས་རྒོད། །


    སྡེ་སྨུག་ཞགས་འཁྱིལ་བའི་ནང་རོལ་ན། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་རུ། །

    ཞིང་ས་བོན་བཏབ་ནས་ངལ་བ་བྱས། །

    འབྲུ་སྣ་ལྔ་འཕེལ་བའི་སྟ་གོན་མཛད། །


    སྦྲ་ནག་པོ་ཕུབ་པའི་འབྲོག་སྡེ་ན། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་རུ། །

    ཆུང་བེའུས་ངུར་སྐད་ཐོག་མར་གྲགས། །

    ནོར་འབྲི་གཡག་ཁུ་ལུ་དལ་གྱིས་འཐོར། །


    དགུན་རྒྱ་སྟག་རྒྱང་དུ་བཞུད་ནས་སོང་། །

    དཔྱིད་དཔལ་མོ་མདུན་གྱི་ལྗོངས་སུ་བྱོན། །

    དགུན་ཟླ་བའི་ཁྲོད་ནས་སྨྲེང་ན་ཡང་། །

    དཔྱིད་ཁྱོད་རང་དགའ་བས་བསུས་ནས་ཡོད། །


    རྫ་ཁྲ་ཡག་རྫ་སྐེད་ནགས་ཀྱིས་བརྒྱན། །

    ཤིང་ཙན་དན་ལོ་མ་དྲི་ཡིས་བྱུགས། །

    དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་འདི། །

    ངག་སྙན་པའི་ཚིག་རྩལ་དབེན་རུང་ལེན། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།