ལྷ་སའི་ཞོགས་པ་དང་ང་ཡི་དྲན་འཆར།
མཐོན་མཐིང་ཨ་སྔོན་དབྱིངས་ཀྱི་ཉི་མ། །
ཤར་རིའི་རྩེ་ནས་འཛུམ་གྱིས་ཤར་ཚེ། །
ནོར་འཛིན་མཛེས་སྡུག་བུ་མོའི་ཞལ་རས། །
མཐོ་སྒང་འབྲོག་མོའི་མཁུར་ཚོས་འདྲ་བྱུང་། །
ལྷང་ལྷང་སྙན་པ་བྱེའུ་ཆུང་གསུང་སྐད། །
རྣ་ལ་སྙན་པ་དབྱངས་ཅན་སྒྲ་དབྱངས། །
ཇི་ཙམ་ཉན་པ་དེ་ཙམ་སྤྲོ་བ། །
རང་བྱུང་དབྱངས་ལ་ཨེ་མ་རྨད་དོ། །
སྔོ་ལྗང་གཡུ་ལོ་རྒྱས་པའི་ལྗོན་ཤིང་། །
མགོ་བོ་གཡུག་ཙམ་གཡུག་ཙམ་བྱས་ནས། །
ང་དང་དབྱར་གཞུང་བྱིའུ་ཡི་སེམས་པ། །
རབ་ཏུ་མྱོས་པ་ལས་དབང་ཨེ་ཡིན། །
བསིལ་འཇམ་ལུས་དྲི་ཞིམ་པའི་དྲི་བཞོན། །
ནམ་དུས་འདི་ཡི་ལྷག་བསམ་ཁུར་ནས། །
ང་དང་ཉེ་བ་ཉེ་བར་བཅར་ཚེ། །
འཇོ་སྒེག་བུ་མོའི་ངང་ཚུལ་དྲན་བྱུང་། །