དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བསོད་བདེ་འཚོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-25

    གནའ་སྔ་མོ་ལག་པ་འགུལ་འདོད་མེད་པའི་མི་སྒྱིད་ལུག་ཅན་ཞིག་ཡོད། མི་མང་པོ་ཞིག་གིས་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོད་པའི་མི་དེ་ཚོ་བསོད་བདེ་ཡོད་ཙང་ཕྱུག་པོ་ཆགས་པ་རེད་ཟེར་གྱི་ཡོད་པ་དང་། འགའ་ཤས་དབུལ་པོ་ཆགས་པ་ནི་ཁོ་ཚོར་བསོད་བདེ་མེད་ཙང་བྱས་པ་རེད་ཅེས་རྟག་པར་ཤོད་ཀྱི་ཡོད་པ་དེ་ཁོའི་རྣ་བར་ཐོས་པས། ཁོའི་བསམ་པར་ང་རང་ཡང་བསོད་བདེ་ཞིག་འཚོལ་བར་ཕྱིན་ཏེ་རྙེད་ན་ཅི་མ་རུང་སྙམ་ནས་བསོད་བདེ་འཚོལ་བར་ཕྱིན་པ་རེད།

    ཡུན་རིང་མ་སོང་བར་ཁོ་ལ་ལམ་བར་ནས་མི་ཞིག་ཐུག་པར་ཁོས་མི་དེར་བསོད་བདེ་ག་པར་ཡོད་མེད་དང་། རྙེད་ཐབས་གང་འདྲ་བྱེད་དགོས་མིན་དྲིས་པ་རེད། སྐད་ཆ་འདྲི་སའི་མི་དེ་ནི་མི་གཞན་ལ་སེམས་ཁུར་བྱེད་མཁན་གྱི་མི་བཟང་པོ་ཞིག་ཡིན་སྟབས། ཁོས་བསོད་བདེ་ཞེས་པ་ནི་ང་ཡིན་ཞེས་བཤད་པ་རེད། ཁོས་སྐད་ཆ་དེ་ཐོས་པ་དང་སེམས་ལ་དགའ་ཚོར་བརྗོད་ཀྱིས་མི་ལངས་པ་ཞིག་བྱུང་སྟེ། དེ་དང་གྲོགས་པོ་བྱེད་རྒྱུའི་རེ་བ་བཏོན་པ་དང་མི་དེས་ཀྱང་ཁོ་དང་གྲོགས་པོ་བྱེད་རྒྱུའི་ཁས་བླངས།

    དེ་ནས་བཟུང་ཁོ་ཕྱིར་ལོག་ནས་ད་བསོད་བདེ་དང་གྲོགས་པོ་བྱས་ཡོད་བསམས་ཏེ་བློ་བདེ་པོས་ཉིན་མཚན་ཀུན་ཏུ་ཉལ་ནས་སྡོད་ཀྱི་ཡོད་སྟབས། ཁོ་ལ་རྒྱུ་ནོར་ཡོང་རྒྱུ་ཕར་བཞག་ཆུ་ཕོར་པ་གང་དང་རྩམ་པ་ཐུར་མ་གང་ཡང་མ་རག ཁོ་བཀྲེས་ལྟོགས་ཀྱིས་མནར་ནས་འཆི་ལ་ཁད་བྱས་སྟབས་ཁོས་སླར་ཡང་བསོད་བདེ་འཚོལ་དུ་ཕྱིན་པ་རེད། ལམ་བར་དུ་མི་དེ་ཐུག་པས་ཁོས། བསོད་བདེ་ལགས། མི་རྣམས་ཀྱི་ཤོད་སྲོལ་ལ་ཁྱེད་ཡོད་ན་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོང་གི་ཡོད་ཅེས་ཤོད་ཀྱི་འདུག དེར་བརྟེན་ངས་ཁྱེད་འཚོལ་དུ་ཡོང་སྟེ་ཁྱེད་དང་མཇལ་བས་མ་ཚད། ང་གཉིས་གྲོགས་པོ་ཡང་བསྒྲིགས་ཚར་བས། ངས་བློ་བདེ་བག་ཕེབས་ཀྱིས་ཁྱེད་ལ་ཡིད་ཆེས་བྱས་ཏེ་ཉིན་མཚན་མེད་པར་ཉལ་ནས་བསྡད་པ་ཡིན། འོན་ཀྱང་ང་ལ་ནི་རྒྱུ་ནོར་ཡོང་རྒྱུ་ཕར་བཞག ཆུ་ཕོར་པ་གང་དང་རྩམ་པ་ཐུར་མ་གང་ཡང་མ་རག་པའི་ཁར་ཏོག་ཙམ་མིན་ན་ལྟོགས་ནས་ཤི་གྲབས་བྱས་བྱུང་། གྲོགས་པོ་ཁྱེད་ཐབས་རྡུགས་ལ་ཨང་ཞེས་བཤད་པ་རེད། བསོད་བདེས། ཁྱོད་དང་ང་གཉིས་གྲོགས་པོ་བྱས་ཀྱང་རང་གིས་ལག་པ་མ་འགུལ་ན་གང་ཡང་ཐོབ་ཀྱི་མ་རེད། གྲོགས་པོ་ཁྱོད་ཀྱིས་ཉིན་མོ་ཁམ་སྡོང་འོག་ཏུ་ཉལ་ནས་སྡོད་སྐབས་རླུང་བུ་ལྡང་ནས་ཁམ་བུ་གཅིག་ཡིན་ཡང་ཁྱོད་ཀྱི་ཁ་ནང་དུ་འཛུལ་རོགས་བྱས་ན་བསམས་ནས་རེ་བ་བྱས་ཀྱང་། ཁྱོད་ཀྱིས་འགུལ་སྐྱོད་བྱེད་རྒྱུ་ཕར་བཞག་ཁ་གདངས་ཙམ་ཡང་མ་བྱས་སྟབས་ཁྱོད་ལ་གང་ཡང་ཐོབ་མེད། གྲོགས་པོ་ཁྱོད་ཕྱུག་པོ་བྱེད་བསམས་ན་ད་ནས་བཟུང་འབད་བརྩོན་ཆེན་པོས་ལག་པ་དང་ལུས་པོ་འགུལ་དང་། ཕྱུག་པོ་ལས་ཀྱིས་ཆགས་ཐུབ་ཅེས་བཤད། ཁོས་བསམ་བློ་ཞིག་བཏང་སྟེ། གྲོགས་པོ་ཁྱེད་རང་ནི་དངོས་གནས་གྲོགས་པོ་ཡག་པོ་བསོད་བདེ་རང་རེད། བསོད་བདེར་གྲོགས་པོ་བྱས་ཀྱང་ཉལ་བསྡད་ན་ལྟོགས་གྲིར་ཐེབས་རྒྱུ་ཉག་གཅིག་རེད། གྲོགས་པོ་ཁྱེད་ཀྱིས་གསུངས་པ་ལྟར་ད་ནས་བཟུང་ངས་འབད་བརྩོན་ཆེན་པོས་ལག་པ་འགུལ་ཏེ་ཕྱུག་པོ་ཆགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།