ཕ་ཡུལ་གྱི་རྣམ་པ་གསར་པ།
དེང་གི་སྤྱི་ཚོགས་གསར་པའི་སྲིད་ཇུས་ཀྱི་ཉི་གཞོན། །
ར་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་ལ་འཆར་དུས། །
བདེ་སྐྱིད་འཚོ་བར་རེ་བའི་བོད་འབངས་ཀྱི་བཞིན་ལས། །
རང་དབང་ཞི་བདེའི་དྲོ་སྐྱིད་འཛུམ་མདངས་ནི་འཚེར་སོང་། །
ཕྱི་ནང་བཀོད་པ་མཛེས་པའི་རི་གྲོང་གི་ཁང་ཁྱིམ། །
སུམ་རྩེན་གཞལ་ཡས་ཁང་དང་དབྱེར་མེད་དུ་འཁྲུལ་ནས། །
སྲང་ལམ་རྩེད་འཇོར་རོལ་བའི་བསམ་མེད་ཀྱི་བྱིས་པས། །
འཇའ་ཚོན་སྐས་སུ་བསྟེན་ནས་འགྲོ་བ་འདི་མཛེས་བྱུང་། །
པ་ཊའི་རི་མོ་བསྣོལ་འདྲའི་གནག་སྣུམ་གྱི་གཞུང་ལམ། །
འདྲ་མིན་རླངས་འཁོར་སྣ་ཚོགས་དལ་དལ་གྱིས་སྐྱོད་དུས། །
རྟ་དང་བོང་བུའི་རྨིག་རྗེས་བསྙེགས་པ་ཡི་དུས་དེ། །
ད་ལྟ་ལོ་རྒྱུས་ཁྲོད་ཀྱི་དྲན་པ་རུ་གྱུར་སོང་། །
བློ་རིག་བཀྲ་བའི་ལོ་ཆུང་བྱིས་པ་ཡི་དགོད་སྒྲ། །
མཛེས་སྡུག་ལྡན་པའི་སློབ་གྲྭའི་ར་བ་རུ་ཁྱབ་དུས། །
སློབ་གསོར་དུངས་པའི་བདག་འདྲའི་དགེ་རྒན་གྱི་སེམས་པ། །
སྔར་མེད་སྟོབས་དང་སྤོབས་པའི་ཡང་རྩེ་རུ་དེད་བྱུང་། །
མུ་མཐའ་བྲལ་བའི་ཞིང་ཐང་གཤིན་པོ་ཡི་སྟེང་དུ། །
གདོང་ལ་འཛུམ་གྱིས་ཁེངས་པའི་ཞིང་པ་ཡི་ཞལ་ནས། །
ལས་ཀ་གླུ་དང་བསྡེབས་པའི་སྤྲོ་སྣང་གི་རྣམ་པ། །
ཡུལ་གཞན་གང་དུ་སོང་ཡང་མིག་ལམ་དུ་འཆར་དཀའ། །
ནམ་མཁའི་སྐར་ཚོགས་ནོར་འཛིན་སྒེག་མོ་ལ་འཕོས་འདྲའི། །
བགྲང་ཡས་ནོར་ལུག་ཡངས་པའི་རྩྭ་ཐང་ལ་ཁྱབ་ཅིང་། །
ཕྱུགས་རྫིའི་ངག་གི་རི་གླུ་སྙན་མོ་དེ་ཐོས་དུས། །
སེམས་ཀྱི་བདེ་སྐྱིད་ཅེས་པའི་མཚན་གཞི་དེ་རག་སོང་། །
དཔལ་འབྱོར་འདུ་ལོང་རྒོད་པའི་དུས་རབས་ཀྱི་ཕོ་ཉ། །
ཚོང་ཟོག་སྣ་མང་ཉོ་ཚོང་ཁེ་ལས་ཀྱི་རྣམ་པས། །
ཤར་ཟོང་ནུབ་ལ་འདྲེན་པའི་དེད་དཔོན་གྱི་དྲིན་ལས། །
དགོས་མཁོའི་ཅ་དངོས་སྣ་ཚོགས་ཚེགས་མེད་དུ་ཐོབ་བྱུང་། །