གངས་ལྗོངས་ལགས། ངས་ཁྱེད་ཀྱི་བགྲང་བྱ་དྲུག་ཅུའི་གཏམ་རྒྱུད་གླེང་།
གཟི་བརྗིད་ཀྱི་ཚན་ཁ་འབར་ཞིང་། ཤེས་དཔལ་གྱི་བཀྲག་མདངས་འཚེར་ལ། ཡིད་འོང་གི་མཛེས་པས་བརྒྱན་ཞིང་། ལང་ཚོའི་སྒེག་ཉམས་ལྡན་པའི་སྐུ་གཟུགས་གཞོན་ཤ་དོད་ལ། ངོ་མཚར་ལྟ་ན་སྡུག་ཅིང་། བག་བྲོ་བའི་བཞིན་གྱི་དཀྱིལ་འཁོར་གྱི་མཛེས་སྡུག་ནི། བཅུ་དྲུག་ལང་ཚོས་སྙེམས་པའི་ན་ཆུང་གི་མཛེས་མ་དང་ཨ་ན་མ་ན་རེད། འདི་ནི་ངའི་དྲིན་ཅན་གྱི་མ་ཡུམ་སྟེ། འཛམ་གླིང་གི་ཡང་རྩེར་གནས་པའི་གངས་ལྗོངས་ས་མཐོ་ལགས།
ཀྱེ་ཀྱེ། མཛེས་པའི་གངས་ལྗོངས། ངའི་སྙིང་དབུས་ཀྱི་མ་ཡུམ་ལགས། ཁྱེད་ལ་ཉམས་པ་མེད་པའི་ཟིལ་ཤུགས་དང་། འཛད་མཐའ་མེད་པའི་སྟོབས་ཤུགས། ལྟ་བས་ཆོག་མི་ཤེས་པའི་མཛེས་དཔལ་ལྡན་ལ། ཀུན་གྱི་ཡིད་དབང་འགུག་ནུས་པའི་མཛངས་མའི་ཡོན་ཏན་མཆིས། ཁྱེད་ལ། དགྲ་ངན་ཕ་མཐར་སྐྲོད་པའི་སྙིང་སྟོབས་ལྡན་ལ། བུ་ཕྲུག་བྱམས་ཀྱིས་སྐྱོང་བའི་བརྩེ་བ་ལྡན་ཞིང་། དཀར་ནག་ཤན་འབྱེད་ཀྱི་བློ་མིག་མངའ་ལ། ལེགས་ཉེས་བླང་དོར་གྱི་རྣམ་དཔྱོད་ལྡན་པ་མ་ཟད། ཐུགས་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱང་མཆིས།
དེས་ན། མ་ཡུམ་གངས་ལྗོངས་ལགས། ཁྱེད་ནི། དགྲ་འདུལ་གཉེན་སྐྱོང་གི་ཐབས་ལ་མཁས་པའི་དཔའ་མོ་ཞིག་ཡིན་ལ། ཤ་ཚའི་དུང་ཞེན་གྱིས་ཀུན་ནས་ཕྱུག་པའི་སྐྱེད་མ་ཞིག་ཡིན། ཁྱེད་ནི། བྱམས་བརྩེའི་འཛུམ་ཞལ་གྲོལ་བའི་དོ་མེད་ཡུམ་ཆེན་ཞིག་ཡིན་ལ། ཤེས་རབ་མཆོར་སྒེག་གིས་བརྒྱན་པའི་མཛངས་མ་ཞིག་དང་མཚུངས། རེད་ཡཱ། མ་ཡུམ་གངས་ལྗོངས་ལགས། ཁྱེད་ཡོད་པས། ད་གཟོད་ང་ཚོ་བུ་ཕྲུག་རྣམས་ཀྱང་། རྒོད་ཕྲུག་ལ་གཤོག་རྩལ་རྒྱས་པ་དང་། ངང་ཕྲུག་ལ་རྐྱལ་རྩལ་རྫོགས་པ་བཞིན་འཚར་ལོངས་བྱུང་། ཁྱེད་ཡོད་པས། ད་གཟོད་བརྗིད་ཉམས་ལྡན་པའི་གངས་དཀར་ཏི་སེ་ལས་གཟི་འོད་འབར་ལ། རི་རྒྱལ་ཇོ་མོ་གླང་མ་ཡང་འཛམ་གླིང་གི་དབུ་རྩེར་མངོན་པར་འཕགས། ཨེ་མ། དྲིན་ཅན་གྱི་མ་ཡུམ་ལགས། ཁྱེད་ནི། འབྱོར་ཕྱུག་གྲ་རྒྱས་ལྡན་པའི་ཁྱིམ་གཞིས་སྟོབས་ལྡན་ཞིག་ཡིན་པས། ང་ཚོ་བུ་ཕྲུག་རྣམས་ཀྱང་། ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།
ཀྱེ་མ། གསོན་དང་། དྲིན་ཅན་གྱི་མ་ཡུམ་ལགས། བགྲང་ལས་འདས་པའི་སྔར་སོང་གི་ལོ་ཟླའི་ཕྲེང་བའི་ནང་། སྡོམ་དྲ་དང་མཚུངས་པའི་ཀྱག་ཀྱོག་གི་ལམ་བུའི་སྟེང་། ཁྱེད་ཉིད་ཀྱིས་ཡི་མུག་གི་སྤྱན་ཆབ་ལན་མང་བསིལ་མྱོང་། སྨག་རུམ་དང་རྨོངས་མུན་གྱི་ཀློང་ན། རྙིང་ཞེན་དང་རྗེས་ལུས་ཀྱི་དབུས་ན། བར་སྐབས་ཤིག་རིང་། ཁྱེད་ཉིད་ཤ་རུས་ཟད་པའི་ཕུང་པོར་གྱུར་མྱོང་བ་དང་། དུས་སྐབས་ཤིག་རིང་། ཁྱེད་ཉིད་གོས་མེད་གཅེར་བུར་རྒྱུ་བའི་ལོ་རྒྱུས་མང་། འོན་ཀྱང་། སྡུག་པའི་སྐྱབས་དང་། སྐྱོ་བའི་མགོན་དུ་བྱོན་པ་ནི། རླབས་ཆེན་གུང་ཁྲན་ཏང་ཉག་ཅིག་སྟེ། ཁྱེད་ལ། འཁྲུལ་མེད་ལམ་སྟོན་གྱི་སྒྲོན་མེ་བཏེགས་ཤིང་། ཕྱོགས་སྟོན་གྱི་འཁོར་ལོ་ཇི་བཞིན། འོད་ཟེར་དང་མེ་ཏོག་བཞད་པའི་ལམ་དུ་སྤྱན་དྲངས་ཏེ། མུ་མཐུད་རྒྱང་སྐྱོད་བྱེད་པར་བསྐུལ་བས། ད་གཟོད་ཁྱེད་ཉིད་ཀྱང་། རྒྱ་མཚོའི་འཇིངས་སུ་ཞུགས་པའི་གྲུ་གཟིངས་བཞིན། རླབས་ཕྲེང་གི་འགྲོས་དང་བསྟུན་ནས། རྒྱང་རིང་ནས་རྒྱང་རིང་དུ་བཞུད། ད་གཟོད་ཁྱེད་ཉིད་ཀྱང་། དགུང་སྔོན་དབྱིངས་ཀྱི་མཁའ་ལྡིང་དབང་པོ་བཞིན། དྲི་བཞོན་གྱི་གཞོགས་འདེགས་འོག སྔར་བས་ཇེ་མཐོ་ནས་ཇེ་མཐོར་འཕགས། ཀྱེ་མ། དྲིན་ཅན་གྱི་མ་ཡུམ་ལགས། དམངས་གཙོའི་བཅོས་སྒྱུར་གྱི་སྐྱ་རེངས་དང་འགྲོགས་ཏེ། ཁྱེད་ཉིད། རྒྱལ་ཁའི་སྣང་སྟོང་རྫོགས་པའི་ལམ་བུ་བཟང་པོར་སྤྲོ་བས་བརྟས། ཕྱི་ཕྱོགས་སུ་སྒོ་མོ་རབ་ཏུ་ཕྱེ་ཞིང་། ནང་ངོས་སུ་འཁྲུག་ཆ་ལྷག་པར་གཏོད་པའི་ཐབས་ཇུས་འོག རང་ལུས་ཀྱི་དྲི་ངན་ལ་བྱི་དོར་གཙང་དག་བྱས་ཏེ། སྔར་མེད་འཕྲིན་ལས་ཀྱི་ཟ་འོག་ལེགས་པར་བཀླུབས་པས། དུས་དེ་ནས་བཟུང་། འབྱོར་ཕྱུག་གི་མེས་རྒྱལ་ལྷོ་ནུབ་ངོས་སུ། ཁྱེད་ཉིད་ཀྱིས་གཞན་དྲིང་མི་འཇོག་པའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད། དུས་དེ་ནས་བཟུང་། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དོ་རའི་ནང་། ཁྱེད་ཉིད་ཀྱི་གཡུར་ཟའི་གྲུབ་འབྲས་ཀྱི་མཚན་དང་སྙན་པ་ནི་འབྲུག་སྒྲ་བཞིན་ལྡིར།
གསོན་དང་། མ་ཡུམ་གངས་ལྗོངས་ལགས། ཁྱེད་ཀྱིས་བསྐྱོད་ཟིན་པའི་ལོ་ངོ་དྲུག་ཅུ་ནི། ནམ་ཡང་འོད་སྟོང་འབར་བའི་གཟི་བརྗིད་ཀྱི་ལམ་ཆེན་ཏེ། ལོ་དྲུག་ཅུའི་རིང་། ཁྱེད་ཀྱིས་འཛམ་གླིང་གི་ཟིན་ཐོ་གཏོད་པ་བརྗོད་ཀྱིས་མི་ལངས་ཤིང་། རྒྱལ་ཁའི་གླུ་དབྱངས་ནི་གནམ་སའི་དབུས་སུ་ལྷང་ལྷང་དུ་གྱེར། ལོ་དྲུག་ཅུའི་རིང་། གངས་ལྗོངས་ས་མཐོའི་ཞིང་བྲན་ཁྲི་ཚོ་བརྒྱར་རང་ལུས་རང་དབང་ཐོབ་སྟེ། མེས་རྒྱལ་གྱི་བདག་པོར་གྱུར་པས། དེས་ན་ལོ་དྲུག་ཅུའི་རིང་ནི། མུན་ནག་གི་དགྲ་ངན་ཕ་མཐར་བསྐྲད་དེ། འོད་ཟེར་གྱི་མགོན་སྐྱབས་ཚུར་ལ་བསུས་པའི་ལོ་ཟླ་ཡིན། ལོ་དྲུག་ཅུའི་རིང་། ཁྱེད་ཀྱིས་ཁྱུང་ཆེན་མཁའ་ལ་འཕུར་བའི་མྱུར་རྩལ་ལ་སྐྱེངས་པ་སྟེར་བའི་འཕེལ་རྒྱས་དང་། རྫུ་འཕྲུལ་མཁན་པོའི་བློ་རིག་གི་རྗེས་སུ་འགྲོ་བའི་གསར་གཏོད་ཀྱི་བྱ་གཞག་དག་ལས། ང་ཚོ་བུ་ཕྲུག་རྣམས་ཀྱང་། དགའ་སྤྲོའི་རྦ་རླབས་ཡིད་ཀྱི་མཚོ་མོར་འཕྱུར་ཞིང་། ལུས་ཀྱི་ཟུངས་ཁྲག་སེམས་དབུས་སུ་དྲག་ཏུ་འཁོལ།