དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་ཀྱི་ལང་ཚོ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2025-05-18

    གཅིག

    ནམ་དུས་ཀྱི་ཁུག་སོ་ནས། དཔྱིད་ཀྱི་བུ་མོའི་འཛུམ་ཞལ་གྲོལ་བྱུང་། དཔྱིད་དུས་ལུས་ཕྲའི་འཛུམ་མདངས་མཚར་པོ་དེས། ལུས་སེམས་གཉིས་ལ་སྔར་མེད་ཀྱི་བདེ་སྣང་ཞིག་འཕེལ་བྱུང་། གྲང་ངར་གྱི་ཁོག་སྦུག་ནས་གྲོལ་བའི་ས་གཞི་བུ་མོའི་མངལ་དུ། ས་བོན་གསར་པའི་མྱུ་གུ་དལ་གྱིས་འབུས། དཔྱིད་ཀྱི་ལང་ཚོ། དཔྱིད་ཀྱི་དཔལ་ཡོན། ཡུན་རིང་རེ་སྒུག་བྱས་པའི་ནམ་དུས་འདི་ལ། ངས་བྲང་ཁ་གླན་ནས་དཔྱིད་ཀྱི་བུ་མོའི་ལུས་དྲོད་མྱོང་གིན་ཡོད། ངས་རྣ་བ་བླགས་ནས་སྙིང་སྡུག་དགའ་མའི་སྙིང་གཏམ་ཉན་གྱིན་ཡོད། མཛུབ་རྩེ་ནས་ལྷུང་བའི་ཉིན་གྲངས་དེ་དག ངས་ཁྱེད་ལ་སྨྲས་པའི་ལྷད་མེད་ཀྱི་སྙིང་གཏམ་རེད། རྨི་ལམ་དུ་འཆར་བའི་ཁྱེད་ཀྱི་ལང་ཚོ་དེ་དག ངས་ཁྱེད་ལ་བཅངས་པའི་དོར་མེད་ཀྱི་བརྩེ་བ་རེད། ད་དུང་ཡང་ངས་ཁྱེད་ལ་འཆང་བའི་རེ་བ་དང་སྨོན་འདུན་དེ་དག ང་ཡི་སྙིང་སྒྲ་ལྷན་དུ་གྲགས་ཤིང་། ང་ཡི་གཟུངས་ཁྲག་མཉམ་དུ་འཕྱུར་བ་ཁྱེད་ནས་མཁྱེན་ནམ།

    གཉིས།

    དཔྱིད་རླུང་བསིལ་མས་ལུས་ལ་བྱིལ་དུས། དར་ཁ་ཞིག་པའི་རྫ་ཆུ་དྭངས་མའི་བཞུར་སྒྲ་ཐོས་དུས། ངས་ཐག་རིང་དུ་འདས་པའི་དཔྱིད་ཀ་ཞིག་དྲན་སྲིད་ལ། དཔྱིད་ཀྱི་མེ་ཏོག་བཞིན་དུ་བཞད་པའི་ན་ཆུང་བུ་མོའི་ལང་ཚོ་ཞིག་ཀྱང་དྲན་སྲིད། མོ་ལོ་ཉི་ཤུ། ཕོ་ལོ་ཉེར་གཉིས། ངས་བརྒྱུད་མྱོང་བའི་ལང་ཚོའི་དཔྱིད་དུས་དེ་དང་། དཔྱིད་དུས་དེ་ལ་བྲིས་པའི་ན་ཆུང་ཕོ་མོའི་བརྩེ་དུང་གཏམ་རྒྱུད་ཀྱི་དབུ་ཁྱུད་རེད། ནམ་དུས་དེ་ལ་དཔྱིད་དཔལ་བཞིན་དུ་བཞད་མྱོང་བའི་ཁྱེད་ཀྱི་ལང་ཚོས། ངའི་སེམས་པ་དར་ཁ་ཞིག་པའི་མཚོ་མོའི་རླབས་ཕྲེང་བཞིན་དུ་གཡོས་མྱོང་ལ། དཔྱིད་མགོའི་མེ་ཏོག་བཞིན་དུ་མཛེས་པའི་ཁྱེད་ཀྱི་ཕྱོགས་ལ། ངས་དཔྱིད་ཀྱི་སྦྲང་ཆར་བཞིན་དུ་བརྩེ་བ་རྣམ་དག་ཅིག་བར་མེད་ལ་འཇོ་མྱོང་། མེ་ཏོག་གི་བཅུད་ལ་ཞེན་པའི་བུང་བ་བཞིན། ལང་ཚོའི་སྟངས་སྟབས་ཁྱེད་ཀྱི་ཕྱོགས་ལ་བསྒྱུར་མྱོང་། ནམ་དུས་དེ་ལ། ཁྱེད་དང་ང་ཡིས་བྲིས་པའི་གཏམ་རྒྱུད་སྙན་མོར། དཔྱིད་ཀྱི་ས་བོན་བཞིན་དུ་རྩ་བ་ཚུགས་ཞིང་། དབྱར་གྱི་སྤང་ཐང་བཞིན་དུ་མེ་ཏོག་བཞད་ལ། སྟོན་གྱི་ནམ་ཟླ་བཞིན་དུ་འབྲས་བུའི་མགོ་ལྕོག་ལྡེམ་པས། དཔྱིད་དཔལ་རབ་ཏུ་བཞད་པའི་བརྩེ་དུང་གི་ནམ་ཟླ་དེ། ཁྱེད་དང་ང་ཡི་ལང་ཚོའི་ཁ་དོག་གིས་བརྒྱན་པའི་གཏམ་རྒྱུད་སྙན་མོ་ཞིག་དང་། ཚེ་གང་དྲན་སྣང་ལ་མཛེས་པའི་ཕྱིར་དྲན་གྱི་རི་མོ་ཞིག་རེད་ཨང་།

    གསུམ།

    དཔྱིད་ཀ བྱ་བྱིའུ་ཡིས་མགྲིན་སྒྲ་སྒྲོག་ཅིང་འབུ་སྲིན་ལ་སྲོག་རྒྱུན་ཞུགས། དཔྱིད་ཀ ས་བོན་ལ་མྱུ་གུ་འབུས་ཤིང་སྐྱེ་དངོས་ཀུན་ལ་གསོན་ཤུགས་རྒྱས་པས། དཔྱིད་ཀ་ཡང་དཔྱིད་ཀྱི་ལང་ཚོ། ཁྱེད་ནི་རེ་བས་ཁེངས་པའི་ནམ་དུས་ཤིག་དང་། ལྗང་མདོག་གི་ཕུགས་བསམ་བསྐྲུན་པའི་དུས་ཚིགས་ཤིག་ཡིན་ཨང་། དཔྱིད་ཀ ཁྱེད་ཀྱིས་བརྒྱུད་མྱོང་བ་དགུན་གྱི་གྲང་ཟུག་དང་། ཁྱེད་ཀྱིས་བཟོད་མྱོང་བ་གངས་འཁྱགས་ཀྱི་མནར་གཅོད་རེད། ཉི་འོད་མོག་པའི་ནམ་དུས་དེ་ལ། གྲང་རླུང་རྒོད་པའི་དགུན་གཞུང་རིང་མོར། ཁྱེད་ཀྱི་མངལ་དུ་སྦྲུམ་པ་ཚེ་སྲོག་གི་ས་བོན་དང་། ཁྱེད་ཀྱི་ཐུགས་སུ་སྒོམ་པ་རེ་བའི་ལྗང་མདོག་རེད། དཔྱིད་ཀ ཁྱེད་ཀྱིས་བརྒྱུད་མྱོང་བ་གྲང་ངར་གྱི་མནར་གཅོད་དང་། ཁྱེད་ཀྱིས་རེ་ཞིང་སྙེག་པ་ལང་ཚོའི་དཔལ་ཡོན་ཡིན་པས། ཁྱེད་ཕེབས་པའི་ལམ་དང་ལམ་ཕྲན་གང་སར། བཟོད་པ་དང་ཞུམ་མེད་སྙིང་སྟོབས་ཀྱི་ཞབས་རྗེས་མཚར་པོ། མཚན་གཞུང་གི་སྐར་གྲལ་བཞིན་དུ་ལྷམ་མེར་གསལ།

    བཞི།

    འཇིག་རྟེན་འདི་ན་དཔྱིད་དུས་ལྟ་བུའི་ལྷིང་འཇགས་དང་། ཉི་འོད་དང་འཇའ་ཚོན་ལྟ་བུའི་མཚར་སྡུག་ཁོ་ན་མིན་པར། དགུན་གྱི་གྲང་ཟུག་ལྟ་བུའི། དབྱར་དུས་ཀྱི་ཚ་གདུང་ལྟ་བུའི། དམག་འཁྲུག་དང་མུ་གེ ནད་ཡམས་དང་རང་བྱུང་གནོད་འཚེ་ཡང་མང་བས། ང་ཚོས་དཔྱིད་དཔལ་ལ་རེ་བ་བཞིན། འཛམ་གླིང་ཞི་བདེར་རེ་ཞིང་། མེ་ཏོག་གི་མཚར་སྡུག་དང་སྦྲང་ཆར་དང་དཔྱིད་རླུང་གི་རེག་བྱར་སྨོན་པ་བཞིན། བརྟན་བརླིང་མཐུན་སྒྲིལ་དང་ཞི་བདེ་གོང་འཕེལ་ལ་རེ་སྨོན་བྱེད་བཞིན་ཡོད། དཔྱིད་དུས་ནི་གློ་བུར་དུ་འཆར་བའི་རྨི་ལམ་ཞིག་མིན་པར། དབྱར་དགུན་སྟོན་སོགས་དུས་ཚིགས་རེ་རེའི་སོ་ཁ་ནས། དལ་གྱིས་ལྷུང་བའི་ཆུ་ཐིགས་རེ་རེ་དང་། རིམ་གྱིས་སྨིན་པའི་ན་ཚོད་ཀྱི་གཉེར་རིས་རེ་རེས་ལས་གྲུབ་པའི། ལྗང་མདོག་གིས་བརྒྱན་པའི་ལང་ཚོའི་མཚར་སྡུག་དེ་ཡིན་པས། ནམ་དུས་འདི་ལ། ང་ཚོས་སོ་ནམ་པས་རྨོ་འདེབས་ལ་བྲེལ་བ་དང་། བྱིའུ་ཆུང་གིས་ཚང་མལ་འཆའ་རྒྱུར་བརྩོན་པ་བཞིན། ཕུགས་འདུན་གྱི་ས་བོན་འདེབས་ལ་བརྩོན། བརྩོན་གྲུས་ཀྱི་རྔུལ་ཆུས་བརླན་ཚེ། དཔྱིད་དུས་སུ་རྩ་བ་ཚུགས་ཤིང་། དབྱར་དུས་སུ་མེ་ཏོག་བཞད་དེ། སྟོན་དུས་ལ་འབྲས་བུ་སྨིན་ངེས་ལ། ལྷག་བསམ་དང་དད་སེམས། བརྩེ་བ་དང་སྙིང་བརྗེ་ལས་སྦྲུམ་པའི་དཔྱིད་དུས་ལྟ་བུའི་འཇིག་རྟེན་ཞིག མི་སེམས་ཀྱི་ཁུག་སོ་ནས་མྱུ་གུ་བཞིན་དུ་འབུས་ངེས།

    ལྔ།

    གསར་དུ་ཚེས་པའི་དཔྱིད་ཀྱི་ལང་ཚོ་དེ་བརྒྱུད་མཐར། སྤང་ལྗོངས་སྔོན་མོའི་གཞི་རུ་མེ་ཏོག་སྣ་ཚོགས་བཞད་སྲིད་ལ། ཁྲ་ཆིལ་མེ་ཏོག་གི་སྟེང་དུ་བུང་བ་དང་ཕྱེ་ལེབ་མང་པོ་གླུ་གར་ལ་རོལ་སྲིད། འཇམ་མཉེན་མྱུ་གུའི་རྩེ་མོར་འབྲས་བུའི་མགོ་ལྕོག་ལྡེམ་སྲིད་ལ། མཐོན་པོ་ལྗོན་པའི་ཡལ་ག་ནས་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་སྲིད། ཡངས་པའི་རྩྭ་ཐང་གི་གཞི་རུ་ཕྱུགས་རིགས་ཀྱིས་རྐང་བྲོ་རྡུང་སྲིད་ལ། ཐང་སྨུག་སྦྲ་གུར་གྱི་མཐའ་ནས་ལུ་གུས་འབའ་སྒྲ་གྲགས་སྲིད། ད་དུང་ཡང་ལ་ཀླུང་གི་པང་ཁ་ནས་བསིལ་བསིལ་ཆབ་རྒྱུན་བཞུར་ཞིང་། གཡུ་གོས་ཀྱིས་མཛེས་རྒྱན་བཀླུབས་པའི་ས་གཞི་བུ་མོའི་མངལ་ནས། བྱ་བྱིའུ་ཡིས་གསུང་དབྱངས་ཀྱང་གྲགས་སྲིད། དེ་ནི་དཔྱིད་ཀྱི་ལང་ཚོ་བརྒྱུད། མི་ཡུལ་འདིར་འཁྲུངས་པའི་ཚེ་སྲོག་གསར་པའི་བརྒྱུད་རིམ་དང་སྙིང་པོ་སྟེ། སྲོག་ལྡན་ཀུན་གྱིས་ཡུན་རིང་རེ་སྒུག་བྱེད་པའི་དཔྱིད་ཀ་རེད། དེ་ནི་མཛེས་ཤིང་ལྟ་ན་སྡུག་པའི་དཔྱིད་ཀྱི་ལང་ཚོ་སྟེ། མི་ཡུལ་ཁམས་སུ་ཚེ་སྲོག་ལ་མཛེས་རྒྱན་སྒྲོན་ཞིང་། སྲོག་ལྡན་ཀུན་ལ་རེ་བ་སྦྱིན་པའི་ལང་ཚོའི་ཁ་དོག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།