དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུང་སེམས་འདབ་མ་དམར་པོ།

  • ཡོང་ཁུངས།  རང་མདངས།   |     རྩོམ་པ་པོ།  རང་མདངས།   |     སྤེལ་དུས།  2025-05-18

    སྙིང་གི་ཕྱེད་ཀ་ལ་རྒྱའི་དབུ་རྩེ་མཐོ། །

    དྲན་པ་བརྒྱ་ཕྲག་ནམ་མཁའི་མཐོངས་སུ་རེག །

    མིག་ཆུའི་ཐིགས་པ་དྲན་པའི་མཚོ་རུ་འདྲེས། །

    མེད་ན་མི་ཆོག་གྲོགས་ཀྱི་དམ་པ་དྲན། །


    སྡེབ་ལེགས་སོར་མོའི་འཁྱུག་རྩལ་མ་ངོམ་ཞིང་། །

    སྙན་ཚིག་གླུ་ཆུང་མགུར་ཙམ་མ་མཆིས་པའི། །

    བྲང་གཞུང་བརླན་པའི་ཡིད་ཀྱི་དྭངས་བ་ཀུན། །

    འདྲིས་པའི་གྲོགས་ལ་འཕངས་མེད་ཕྱུང་བར་བྱས། །


    བརྩེ་བའི་སེམས་བྱུང་རྡུལ་མེད་དགུང་གི་དཀྱིལ། །

    བཅོས་མིན་དུང་སེམས་འོད་ཀྱི་གཟི་དཔལ་ཆེ། །

    འདབ་བརྒྱ་ཡོངས་གྲོལ་ཡིད་ཀྱི་མེ་ཏོག་ལ། །

    བསིལ་སྦྱིན་འོད་དཀར་གཏན་དུ་ལྷག་པར་མཛའ། །


    ལས་ཀྱི་མེ་ཏོག་སད་ཀྱིས་མ་འཁྱེར་ཞིང་། །

    སྤང་ལྗོངས་གཡུ་ཡི་ཕུན་ཚོགས་ཞིང་ས་རུ། །

    འདབ་ལྡན་ལང་ཚོའི་བྱིན་ཆགས་མ་ཡལ་དང་། །

    དུང་སེམས་ཆར་ཆུས་ཡལ་འདབ་རྒྱས་པར་བྱེད། །


    ལ་ལུང་བར་ཐག་རྒྱང་གིས་བཅད་ཀྱང་ཆོག །

    ལས་ཀྱི་ལམ་བུ་སོ་སོར་ཁྱད་ཀྱང་རུང་། །

    ནང་སེམས་ལྷད་མེད་ཡིད་ཀྱི་ཆུ་བོ་འདི། །

    མཛའ་གཅུགས་རྒྱ་མཚོར་གཏན་དུ་འཐིམ་ནས་ཡོད། །


    སྣང་སེམས་དར་དཀར་ཡུག་གཅིག་ཁྱོད་ལ་བྱིན། །

    བྲིས་པའི་གཏམ་རྒྱུད་རི་མོ་སེམས་སུ་གསལ། །

    སྙིང་གི་ཕྱེད་ཀ་ཁྱོད་ཀྱི་དོན་དུ་གཏོང་། །

    ཡིད་ཀྱི་མེ་ཏོག་ལང་ཚོའི་འདབ་བརྒྱ་གྲོལ། །


    ལས་ཀྱི་མུ་ཏིག་སྟར་བའི་ཕྲེང་ཐག་ལས། །

    སྙན་འཇམ་ཡིད་ལ་བདེ་སྟེར་གྲོགས་ཀྱི་མཆོག །

    སྙིང་དབུས་དྲོད་ཀྱི་ཁོ་ལག་མ་རྫོགས་ན། །

    འཛུམ་པའི་ཞལ་ཆུང་འདི་ཡིས་ཁྱོད་ལ་ཕྱོགས། །


    སྣ་ཚོགས་སྒྱུ་འཕྲུལ་མིག་གི་དགའ་སྟོན་ལ། །

    ཆ་ལུགས་ཕུལ་བྱུང་སྟོང་གི་མཛེས་གྱུར་ཡང་། །

    ཚོར་འདུའི་རྗེས་སུ་བསྙེགས་པའི་རྣམ་ཤེས་ལ། །

    ཁྱེད་རང་ཡང་ཡང་དྲནཔའི་ལན་གྲངས་མང་། །


    ལྷན་སྐྱེས་འཇམ་མཉེན་གཞོན་ཤ་ཡིད་དུ་སྡུག །

    བཅོས་མིན་ཞལ་རས་ཟླ་བཟང་མདངས་མཛེས་ཤིང་། །

    བདག་ཡིད་འདབ་ལྡན་ལང་ཚོ་ལྷུགས་པོར་བཞད། །

    གྲོགས་ཁྱོད་དྲན་པའི་དུང་བ་སྔར་བཞིན་ཟབ། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།