སྨྲེང་གཞས།
དགའ་སྐྱོ་གོས་སུ་གྱོན་པའི་མི་ཚེ་ཕྱེད་ཀའི། །
ཆགས་སྡང་ཡུ་ཆུ་སྔོན་མོའི་བཞུར་རྒྱུན་མ་ཆད། །
སྙིང་ཆུང་ཆུ་ཡི་ཆུ་བུར་གས་སྲུབས་བར་ནས། །
རེ་དོཊ་ནད་ངན་ལྕི་མོའི་རྣམ་སྨིན་མྱོང་སོང་། །
ལང་ཚོ་སྟོན་ལོ་བཞིན་དུ་ལོ་ཟླས་ཟོས་ཏེ། །
འཆར་ཡན་རུས་པའི་དུར་ཁང་ཞིག་རལ་སོང་ཞིང་། །
སྟོང་བསམ་ཁོ་ན་འདོན་པའི་སེམས་ཀྱི་ཁུད་ནས། །
རྨི་ལམ་གཙང་པོའི་སྒྲ་ཡང་ལྐུགས་པར་གྱུར་འདུག །
དུས་བཞི་མི་རྟག་སོ་ཁའི་འགྱུར་ལྡོག་བར་ནས། །
འདྲིས་པའི་ཐ་སྙད་ཆ་རེ་འདུག་རོགས་བྱས་ཏེ། །
བདེ་སྡུག་ཚོར་བའི་ན་ཟུག་དབྱངས་ལ་བརྒྱུས་པ། །
འཁོར་བའི་མགྲོན་པོ་ཞིག་གི་ལས་དབང་ཡིན་འདྲ། །
འདུ་འབྲལ་མེ་ལོང་སྔོག་པའི་ཕྱི་ནང་ཁྲོད་ནས། །
འདས་དོན་སེམས་སུ་ལྷུང་བའི་གཞས་ཆུང་རེ་རེ། །
དྲན་པ་ནད་ཀྱིས་གཙེས་པའི་རྒྱབ་ལོག་ཅིག་ནས། །
ཡང་ཡང་གྲགས་པའི་སྐད་དེ་རྣ་ལ་གཟན་བྱུང་། །
དུས་གསུམ་སྨག་ཏུ་ཡལ་བའི་ཉིན་ཞག་རེ་རེ། །
སྨྲེང་སྐྱོ་བཟི་ཁའི་དབུགས་རིང་ནང་དུ་འཐེན་ཞོར། །
བསམ་པའི་མིག་ཟུང་རྒྱང་ནས་རྒྱང་དུ་ཅེར་ཀྱང་། །
སེམས་ཀྱི་སྨྲེང་བ་གོང་ནས་གོང་དུ་འཕེལ་ཡོང་། །
སྨྲེང་བ་ལྐོག་ཏུ་ཉར་བའི་མི་ཕྲན་སེམས་སུ། །
མི་བཟོད་མིག་ཆུ་ཤོར་བའི་གཏམ་རྒྱུད་མོད་ཀྱང་། །
ཆོས་ཉིད་ལྡོག་མེད་ཅིག་གི་ཁ་བྱང་གཡར་ཏེ། །
མི་ཚེ་སྐྱ་ཟད་སྔོ་ཟད་བྱས་ནས་ཚར་སོང་། །
དཀར་ནག་ལས་ཀྱིས་དེད་པའི་ལོ་ཟླའི་ཕྲག་ནས། །
དྲན་པའི་གདངས་ལ་འཁྱུད་པའི་དབྱངས་རྟ་དམར་པོ། །
འཁོར་བའི་ཉིན་སྲིབ་བར་ནས་ཐོལ་གྱིས་ཤོར་ཀྱང་། །
ལས་ཀྱི་ལན་ཆགས་ཤ་རུས་གསེང་དུ་ལྷག་འདུག །
ད་ནི་འུ་ཐུག་སྨྲེང་གཞས་རྒྱང་དུ་བསྐྱུར་ནས། །
དུས་རབས་གསར་པའི་རྒྱང་སྐྱོད་ལམ་ཆེན་སྟེང་དུ། །
དཔའ་ངར་ཆེར་སྐྱེད་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས། །
ཕ་ཡུལ་གངས་ལྗོངས་འཛུགས་སྐྲུན་བྱེད་པར་ཆས་འགྲོ །