དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བསམ་གཞིགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཁམས་འོད་གསལ།   |     སྤེལ་དུས།  2025-05-18

    འཕོ་འགྱུར་ཀློང་གི་ཉིན་ཞག་བརྒྱུད་དེ། ལས་རླུང་གི་ལྡང་ཕྱོགས་ལ་འདང་ཞིག་མ་རྒྱག་ཐབས་མེད་དུ་གྱུར། བསམ་བློའི་གཞུང་དང་སྙིང་གི་དབུས་ནས་སྟོང་ཟད་ཕྱིན་པའི་མི་ཚེ་ལ་འགྱོད་སེམས་ཀྱིས་གདུང་། ད་ལྟའི་འཚོ་བ་ནི་ཁ་ལོ་བསྒྱུར་དཀའ་བའི་དུས་ཚོད་ཁོ་ན་ལས་ཅི་ཡང་མི་འདུག ནར་སོན་རྗེས་ང་རང་འདི་ལྟར་གོ་མེད་ཚོར་མེད་དུ་འཚར་བ་དྲན་དུས་ཤིན་ཏུ་སྨྲེང་། ཡུན་ཐུང་གི་མི་ཚེ་ལ་བསམས་ན་འགྲུལ་བཞུད་ཀྱི་ལམ་ཁ་ནས་བསམ་ཡུལ་དུ་ཤོངས་མི་ཐུབ་པའི་ལས་དབང་འདི་ང་གཅིག་པུར་མ་ངེས་རུང་། བཟོད་སེམས་ཀྱི་ཚོར་བ་བོར་བའི་ཉིན་ཞག་དང་འགྲོག་དུས་དཀའ་སྡུག་གི་སྣང་བ་འགོག་མེད་དུ་འཆར་བྱུང་།

    མ་གཞི་ནས་བསམ་གཞིགས་གང་མང་ཞིག་གིས་སྟ་གོན་བྱས་ཀྱང་ད་ལྟའི་འཚོ་བ་ནི་བྲེལ་ཟིང་གི་ངོ་བོ་རུ་ལྷུང་། སྐབས་སྐབས་ལ་སེམས་ཀྱི་རྟ་ཕོ་སྲབ་ཀྱིས་འཐེན་ཞོར་ལམ་ཟུར་གྱི་དེབ་ཁང་ཆུང་ཆུང་འདི་ནས་དཔེ་ཀློག་ཐན་ཐུན་གྱིས་དུས་འདའ་བར་བྱེད་པ་དེ་ནི་ལས་དབང་གི་བཀོད་སྒྲིག་ཡག་ཤོས་ཤིག་ཡིན་པ་འདྲ།

    སྟོང་སང་སང་གི་མཚན་མོ་གྲངས་མེད་ཁྲོད་ནས་ཐུག་འཕྲད་མེད་པའི་ཁ་ཐག་ཉེ་བའི་སྨོན་ལམ་ཡོད་ཚད་བསམ་གཞིགས་ལས་བོར་མ་མྱོང་། བདེན་དོན་གྱི་ར་སྤྲོད་འོག་ནས་ཁུ་སིམ་མེའི་གནས་མལ་དང་གྱ་ནོམ་པའི་དཔེ་དེབ་དང་མཇལ་སྐལ་བྱུང་ན་ཅི་མ་རུང་སེམས་ལ། དེ་ཕྱོགས་ལ་འབད་བཞིན་ཡོད།

    འདས་ཟིན་པ་བཙལ་ཡང་རྙེད་དུས་མེད་ལ། ནམ་ཡང་འགྱོད་བཤགས་ཁོ་ནའི་ཀློང་དུ་ཚུད་དེ་དུས་འདའ་བ་ནི་ཐབས་མཆོག་ཅིག་ཅི་ལ་ཡིན། རེ་བས་ཕྱུག་པའི་མ་འོངས་པ་ནི་སྟ་གོན་ཞིབ་ཚགས་ཤིག་དང་། འཆར་གཞི་བཟང་པོ་ཞིག སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་ཞིག་གིས་བསུ་དགོས་པ་ལས། དགུང་གི་ཆར་པ་བཞིན་དུ་རང་བཞིན་གྱིས་གནམ་ནས་ཟག་མི་སྲིད་ལ། དཔྱིད་ཀྱི་ལྗང་པ་བཞིན་དུ་རང་བཞིན་གྱིས་ས་ནས་སྐྱེས་མི་སྲིད། དེ་བས་ད་ལྟ་བའི་འགྲུལ་བཞུད་ལས་ངལ་བའི་ཁུར་ཁྱེར་ནས་ད་ལྟ་བའི་རང་ཉིད་ལ་བསམ་གཞིགས་ཡང་ཡང་གྱིས། ལྟོས་བཅས་ཀྱི་འཇིག་རྟེན་ཞིག་ནས་ཁྱེད་ཀྱི་ཕུགས་འདུན་ཇི་བཞིན་འགྲུབ་པ་དང་རེ་སྨོན་མངོན་དུ་གྱུར་པའི་གདེང་ཚོད་རང་ཉིད་ཀྱིས་འཚོལ་རྒྱུ་ལས་མ་འདས། བསམ་གཞིགས་ཀྱི་འཚོ་བ་ལས་ཡིད་འོང་གི་ལོ་ཟླ་དང་བསམ་གཞིགས་ཀྱི་འཆར་བཀོད་ལས་རང་རང་གི་དགའ་ཕྱོགས་རྙེད་སྲིད་ཨང་། དེའི་ཕྱིར་རང་ཉིད་ཀྱི་རྟིང་མའི་མི་ཚེ་ལ་བསམ་གཞིགས་བགྱིད་པ་འོས་འགན་ཞིག་ཏུ་སེམས་སོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།