འབྲི་གཡག་རིག་གནས་ལ་ཤ་ཚ་ཆེ་བའི་སྙེ་ཕུ་ཤེས་རབ།
འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་ལྟད་མོ་བར་འབྲི་གཡག་རིག་གནས་དང་འབྲེལ་བའི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ།
ལྷ་ས་གྲོང་ཁྱེར་སྣེའུ་གསར་ཁུལ་དུ་གནས་པའི་བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་འབྲི་གཡག་དང་འབྲི་གཡག་རིག་གནས་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་རྟེན་མཛོད་གླིང་ཞིག་ཡིན། བོད་སྐྱོར་གྱི་བགྲང་བྱ་སུམ་ཅུའི་རིང་བོད་ལྗོངས་ཀྱི་གང་ས་སྤྱི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ་དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་ཡང་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སར་རོགས་སྐྱོར་བྱས་པའི་རིག་གནས་གསར་གཏོད་ཀྱི་ལས་གྲྭ་ཕུལ་དུ་བྱུང་བ་ཞིག་རེད། རྟེན་མཛོད་གླིང་དེ་2014ལོའི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོར་ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་ད་བར་ལོ་ངོ་10ཙམ་ལས་སོང་མེད་ཀྱང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རྟེན་མཛོད་གླིང་གི་ལས་སྒྲུབ་མི་སྣ་ཚང་མས་ཐུན་མོང་ཐོག་འབད་དཔུང་མདུན་སྐྱོད་བྱས་སྟབས། རྟེན་མཛོད་གླིང་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་གསོན་ཤུགས་རབ་ཏུ་རྒྱས་ཡོད། སྙེ་ཕུ་ཤེས་རབ་ནི་ལས་རོགས་དང་ལྷན་དུ་ལག་གདང་སྦྲེལ་ནས་རྟེན་མཛོད་གླིང་འཕེལ་རྒྱས་གཏོང་མཁན་གྱི་གྲས་ཤིག་ཡིན། ད་ཆ་རྟེན་མཛོད་གླིང་དེ་བོད་རང་སྐྱོང་ལྗོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རྒྱལ་ཁབ་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད་པ་རེད།
འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་ཀོ་ལྤགས་རལ་ཡོད་མེད་ལྟ་བཤེར་བྱེད་བཞིན་པ།
སྙེ་ཕུ་ཤེས་རབ་ནི་ཆུང་དུས་ནས་འབྲི་གཡག་རིག་གནས་ལ་དགའ་ཞེན་ཚད་མེད་ཡོད་མཁན་ཞིག་ཡིན། ཁོ་པ་2011ལོར་བོད་ལྗོངས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་ལོན་རྗེས་དཀའ་སྡུག་གདོང་གིས་བསུས་ཤིང་དུས་ཚོད་ཡོད་རིམ་བཞིན་ཤེས་རིག་གི་རྒྱ་མཚོའི་ཀློང་ལ་འཇུག་གི་ཡོད། ཁོ་པས་ཐེངས་ཤིག་ལྷ་སར་འབྲི་གཡག་རིག་གནས་དང་འབྲེལ་བའི་རྟེན་མཛོད་གླིང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་ཐོས་རྗེས་སེམས་ནང་དགའ་ཚོར་དཔག་མེད་བྱུང་བ་དང་། ཞིབ་འཇུག་སློབ་མའི་འཚོ་བ་མཇུག་འགྲིལ་རྗེས་སེམས་ནང་སྤྲོ་བ་ཡོད་པའི་ལས་ཀ་དེ་བྱ་རྒྱུ་བྱུང་ན་ཅི་མ་རུང་སྙམ། གཟར་མོའི་ལ་ལ་མ་འཛེགས་ན། བདེ་མོའི་ཐང་ལ་སླེབས་ལེ་མིན་ཞེས་པའི་ཟེར་སྒྲོས་བཞིན་ཁོང་གིས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྔར་ལས་ལྷག་པའི་སྒོ་ནས་རིག་པའི་གནས་ལ་འབད་བརྩོན་ལྷོད་མེད་བྱས། མཇུག་མཐར་སྲིད་ཇུས་ཀྱི་འོད་སྣང་དང་རང་ཉིད་ཀྱི་འབད་བརྩོན་འོག་སློབ་ཐོན་བྱུང་རྗེས་2014ལོའི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོར་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་འབྲི་གཡག་རིག་གནས་དང་འབྲེལ་བའི་ལས་ཀ་བྱ་རྒྱུ་བྱུང་བ་དང་། མིག་སྔར་ཉར་དངོས་དོ་དམ་ཞིབ་འཇུག་ཚན་པར་ལས་ཀ་བྱེད་བཞིན་མཆིས།
2014ལོར་རྟེན་མཛོད་གླིང་དེ་ཐོག་མར་བོད་སྐྱོར་ལས་བྱེད་པ་རྒན་ཝུའུ་ཡུས་ཁྲུན་གྱིས་བཙུགས་པ་ཞིག་རེད། ཁོང་འབྲི་གཡག་རིག་གནས་ལ་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཁོང་ལ“གཡག་རྒད་པོ”ཞེས་འབོད་ཀྱི་ཡོད། 1977ལོར་སློབ་ཆེན་ནས་ཐོན་མ་ཐག་པའི་རྒན་ཝུའུ་ཡུས་ཁྲུན་ནག་ཆུ་གྲོང་ཁྱེར་ནས་ལྷ་རི་རྫོང་དུ་ལོག་པའི་ལམ་བར་དུ་ལ་ཆེན་ཞིག་རྒྱག་དགོས་ཀྱི་ཡོད་ཀྱང་། ལོ་དེར་གངས་ཆེན་པོ་བབས་པས་རླངས་འཁོར་གཏོང་ཐབས་བྲལ་བ་དང་། ས་ཆ་རེ་འགར་གངས་མཐུག་དྲག་ནས་རྟ་ཕོ་ཡང་འགྲོ་དཀའ་བའི་གནས་སུ་ལྷུངས་སྟབས། ཁོང་ཚོར་ཉིན་ཤས་བསྟུད་མར་དཀའ་ཁག་ཆེན་པོ་འཕྲད་ནས་རེ་ཐག་ཆོད་པའི་སྐབས་སུ། རྒྱང་རིང་ནས་ས་མཐོའི་གཅེས་ནོར་གཡག་ལ་ཁལ་བཀལ་ཏེ་གནོད་འཚེ་ཕོག་ཁུལ་དུ་ཡོང་བ་མཐོང་རྗེས་ཁོ་ཚོའི་སེམས་ནང་རེ་བའི་མེ་ལྕེ་རབ་ཏུ་འབར་བ་དང་། ཁོང་རྣམ་པའི་སེམས་སུ་གཅེས་ནོར་གཡག་གིས་ཁོང་ཚོའི་ཚེ་སྲོག་སྐྱོབས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དུས་དེ་ནས་བཟུང་རྒན་ཝུའུ་ཡུས་ཁྲུན་འབྲི་གཡག་ལ་བརྩེ་བ་དེ་བས་ཟབ་ཏུ་སོང་བ་དང་། ཕྱིས་སུ་གཡག་རྟེན་མཛོད་གླིང་བཙུགས་པའི་ཐོག་མའི་བློ་སྐྱེད་ཀྱང་གཅེས་ནོར་གཡག་གི་སྲོག་སྐྱོབ་ལས་བྱུང་ཡོད་པ་རེད། རྒན་ཝུའུ་ཡུས་ཁྲུན་བློ་གྲོས་ཀྱི་འཇུག་པ་ཡངས་ཀྱང་དུས་རྒྱུན་ཁེངས་སྐྱུང་གི་རྣམ་འགྱུར་འཛིན་ནས་སྙེ་ཕུ་ཤེས་རབ་ཀྱི་འགྲམ་ནས་བོད་ཡིག་སློབ་གཉེར་བྱེད་ཀྱི་ཡོད། ཁོ་པས་རྒན་ཝུའུ་ཡུས་ཁྲུན་ལ་བོད་ཡིག་བསླབས་པ་དང་། རྒན་ཝུའུ་ཡུས་ཁྲུན་གྱིས་ཁོ་པར་འབྲི་གཡག་དང་འབྲེལ་བའི་རིག་གནས་མང་དག་ཅིག་བུམ་པ་གང་བྱོའི་ཚུལ་དུ་གནང་། དུས་ཕྱིས་སུ་རྒན་ལགས་ཁོང་གི་རྩ་ཆེའི་བཀའ་སློབ་དེ་དག་ཁོ་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར། དུས་རྒྱུན་ལས་ཀའི་ཐོག་རྒན་ཝུའུ་ཡུས་ཁྲུན་དང་ཁོ་པའི་བར་ལ་གོང་འོག་གི་འབྲེལ་བ་ཡོད་ཀྱང་། འཚོ་བའི་ཁྲོད་ཕན་ཚུན་གྲོགས་པོ་བཟང་པོར་གྱུར་ཡོད་པ་རེད། རྒན་ཝུའུ་ཡུས་ཁྲུན་བོད་དུ་བོད་སྐྱོར་ལ་ཕེབས་རྗེས་ས་གནས་ཁག་གི་མང་ཚོགས་དང་འབྲེལ་བ་མཚོ་ལས་ཟབ་པ་བྱུང་ནས་བོད་ཀྱི་ས་ཆར་ཧ་ཅང་འཕྲོད་པོ་བྱུང་བས། སྙེ་ཕུ་ཤེས་རབ་ཀྱིས “རྒན་ལགས་ཁོང་གི་མཚན་ཝུའུ་ཡུས་ཁྲུན་དེ‘བོད་ཡུལ་འཕྲོད’ཅེས་སྒྲ་དོན་གཉིས་ཀ་ཚང་བའི་མིང་སྙན་པོ་ཞིག་ཏུ་བསྒྱུར་ཡོད”ཅེས་དགོད་བྲོའི་ཚུལ་དུ་གསར་འགོད་པར་བཤད།
འདི་ནི་རྟེན་མཛོད་གླིང་དུ་ཡོད་པའི་སྲོག་ཆགས་ཀྱི་དམར་དཔེ་ཡིན་པ།
བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ནོར་གནག་ནི་འོད་ཆིལ་ཆིལ་དུ་བཀྲ་བའི་མུ་ཏིག་རྡོག་ཅིག་ཡིན་པ་དང་། བོད་ཀྱི་རིག་གནས་ཁྲོད་དུ་འབྲི་གཡག་རིག་གནས་ཀྱིས་གོ་བབ་མི་དམན་པ་ཞིག་བཟུང་ཡོད་ཁར་བོད་མིའི་ཟས་གོས་གནས་མལ་དང་འགྲོ་འཆག་སྡོད་གསུམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྟབས། རང་རྒྱལ་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་མི་སྣ་འགྲོ་མགོན་ཆོས་རྒྱལ་འཕགས་པས《མགོན་གཡག་ལ་བསྔགས་པ》ཞེས་པའི་ནང་དུ“གང་ལུས་ཆར་སྤྲིན་ཕུང་པོ་ནི།། མཁའ་ལ་དྲག་ཏུ་གཡོ་ལྟར་སྣང་།། དེ་ཡི་སྣ་དང་ཁ་སྒོ་ནས།། རླངས་པ་སྤྲིན་ནག་མཆེད་ལྟར་འཕྱུར།། ལྕེ་ནི་གློག་ལྟར་འགྱུ་བ་སྟེ།། ངུར་སྒྲ་འབྲུག་གི་སྒྲ་ལྟར་སྒྲོགས།། ཨིནྡྲ་ནཱི་ལའི་བྲག་ལྟ་བུའི།། རྨིག་པ་བརྡབས་པས་ས་གཞི་གཡོ།། ཤིན་ཏུ་བསྐྱོད་པའི་རྭ་རྩེ་ཡིས།། རི་བོའི་ལྷུན་ཡང་བསྙིལ་བར་ནུས།། མིག་གཉིས་ཉི་མ་ཟླ་བ་ནི།། སྤྲིན་མཐོང་མཁའ་ལ་གཡོ་བ་བཞིན།། རྔ་མ་ལྗོན་པ་རྒྱས་པ་འདྲ།། དེ་བསྐྱོད་པ་ཡིས་ནམ་མཁའི་སྤྲིན།། རྣམ་པར་འཐོར་བ་བཞིན་དུ་སྣང་།། དེ་ཡི་སྒྲ་ཡིས་གླུ་སྒྲ་ཡང་།། ཀུན་ནས་རབ་ཏུ་ཟིལ་གྱིས་གནོན།། འདི་འདྲ་གངས་ཅན་པ་ཡི།། རྐང་བཞི་པ་ཡི་ངོ་མཚར་ཏོ།། འདི་ཡིས་བསྒྲུན་པར་ནུས་པ་ཡི།། རྐང་གཉིས་པ་ལའང་རབ་ཏུ་དཀོན།། དེ་འདྲ་བརྩེ་མེད་སྐྱེས་བུ་ཡི།། མཚོན་ལས་རབ་ཏུ་རྒྱལ་གྱུར་ཅིག”ཅེས་རང་རེའི་མགོན་གཡག་ལ་བསྟོད་པ་ཆེན་པོ་བྱས་ཡོད།
འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་ལྕི་བས་བཟོས་པའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
བོད་ཀྱི་རྟེན་མཛོད་གླིང་གཞན་དང་བསྡུར་ན་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་སྒྲུབ་མི་སྣའི་ཁ་གྲངས་ཉུང་བས། མི་གཅིག་གིས་ལས་ཀ་མང་པོ་བྱེད་དགོས་ཀྱང་ཚང་མས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ཕྱར་བར་གྲུ་འདེགས་བྱེད་ཀྱི་ཡོད་པ་རེད། སྙེ་ཕུ་ཤེས་རབ་རྒྱུན་དུ་གཤམ་སྐྱོད་བྱས་ནས་འབྲི་གཡག་གི་དམར་དཔེ་འཚོལ་ཞིབ་བྱས་ནས་གསོག་ཉར་དང་། ཉམས་གསོ། ཞིབ་འཇུག་སོགས་ཀྱི་ལས་ཀ་བྱེད་དགོས་ཁར། ནང་ས་དང་། སྡེ་ཁུལ། སློབ་གྲྭ་སོགས་སུ་བསྐྱོད་ནས་འབྲི་གཡག་རིག་གནས་ཁྱབ་སྤེལ་བྱེད་དགོས་ཀྱི་ཡོད། ཁོ་པ་འབྲི་གཡག་རིག་གནས་ལ་ཧ་ཅང་དགའ་བས། སོང་ཟེར་ན་ཆུ་བོ་འབབ་འབབ་ཅེས་པའི་ཁ་དཔེ་ལྟར་དུས་རྒྱུན་གྱི་ལས་ཀའི་ཁྲོད་དུ་འགོ་ཁྲིད་ཀྱིས་ལས་ཀ་བཀོད་སྒྲིག་ག་རེ་བྱས་ཀྱང་འཁང་ར་སྤུ་ཙམ་མེད་ཁར། རྒན་ཝུའུ་ཡུས་ཁྲུན་གྱི་ལས་ཀའི་སྙིང་སྟོབས་ཡིད་ལ་བཅངས་ནས་ལམ་སེང་འཁོན་ཐོགས་མེད་པར་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་སྒྲུབ་ཀྱི་ཡོད་པ་རེད། ཁོ་པ་རྟེན་མཛོད་གླིང་དུ་ལས་ཀ་བྱས་ནས་ལོ་ངོ་བཅུ་ལྷག་སོང་ཡང་། རང་གི་ལས་ཀར་སྤྲོ་བ་ཆེན་པོ་ཡོད་པས་ལས་ཀར་ཞུགས་མ་ཐག་པའི་ལས་སྒྲུབ་པ་ཇི་བཞིན་གསོན་ཤུགས་ཀྱི་དཔལ་འབར་བཞིན་མཆིས། རྒྱུན་ལྡན་གྱི་ལས་ཀའི་ཁྲོད་དུ་ཁོང་གིས་ས་པཎ་མཆོག་གིས “བསྟོད་པས་དགའ་བར་མི་འགྱུར་ལ།། སྨད་པས་མི་དགར་མི་འགྱུར་ཞིང་།། རང་གི་ཡོན་ཏན་ལེགས་གནས་པ།། སྐྱེ་བོ་དམ་པའི་མཚན་ཉིད་ཡིན།།” ཞེས་གསུངས་པ་བཞིན་སྤྱི་ཚོགས་ཐོག་གི་སྟོད་སྨད་ཀྱི་སྐད་ཆས་དམར་ཆུང་སེམས་པར་ཤུགས་རྐྱེན་མ་ཐེབས་པར་ཉིན་མ་གཅིག་ལ་དཔེ་བལྟས་པ་ཇི་བཞིན་རང་འཁྲིའི་ལས་ལ་གཞོལ་བཞིན་ཡོད་པ་རེད།
སྤྱི་ཚོགས་ཐོག་མི་དེ་བས་མང་བས་ཐུན་མོང་མ་ཡིན་པའི་འབྲི་གཡག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་ཆེད། རྟེན་མཛོད་གླིང་གིས་རྒྱུན་དུ་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད། སྙེ་ཕུ་ཤེས་རབ་ཀྱིས“རྒྱུན་དུ་ང་ཚོས་འཆད་ཁྲིད་དང་ཉམས་ལེན་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་ནས་ལྟད་མོ་བ་རྒན་པ་ཚོས་འབྲི་གཡག་རིག་གནས་ལ་སྔར་ལས་ལྷག་པའི་ཤེས་རྟོགས་དང་། གཞོན་ནུ་ཚོས་འབྲི་གཡག་རིག་གནས་དེ་རྩ་ཆེའི་རིག་གནས་ཤིག་ཡིན་པ་ཤེས་ནས་མུ་མཐུད་རྒྱུན་འཛིན་ཡག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། སྙེ་ཕུ་ཤེས་རབ་ཀྱིས་འབྲི་གཡག་རིག་གནས་གླེང་སྐབས་ཁོ་པའི་མིག་ཟུང་ཁྲོད་ནས་འབྲི་གཡག་རིག་གནས་ལ་དགའ་ཞེན་ཚད་མེད་ཡོད་ཚུལ་གསལ་ལེར་མངོན་པ་དེ་རབ་ཏུ་མཛེས་པའི་རི་མོ་ལྟར་དུ་སྣང་།
འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་འབྲི་གཡག་གི་རིགས་རྒྱུད་ཐོན་ཁུངས་དང་གསོ་ཚགས་རིགས་རྒྱུད་ངོ་སྤྲོད་བྱེད་བཞིན་པ།
འབྲི་གཡག་ནི་བོད་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཀྱི་ནུས་ལྡན་གྱི་ལས་རོགས་ཤིག་ཡིན་པ་མ་ཟད། མི་རིགས་ཀྱི་རིག་གནས་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན། སྙེ་ཕུ་ཤེས་རབ་ཀྱིས་ངོ་སྤྲོད་བྱེད་པར་གཞིགས་ན། ད་ལྟ་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་གཏན་འཇགས་ཀྱི་འགྲེམས་ཁང་བཞི་དང་སྐབས་འཕྲལ་གྱི་འགྲེམས་ཁང་གཅིག་ཡོད་པ་དང་། དུས་རྒྱུན་ལྟད་མོ་བ་ཚོས་འགྲེམས་ཁང་བཞི་སྟེ་གཡག་དྲིན་འཇལ་བའི་འགྲེམས་ཁང་དང་། གཡག་ཁུངས་འཚོལ་བའི་འགྲེམས་ཁང་། གཡག་དང་འགྲོགས་པའི་འགྲེམས་ཁང་། གཡག་ཉམས་མངོན་པའི་འགྲེམས་ཁང་བཅས་སུ་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད། འབྲི་གཡག་ལ་ཡོད་པའི་ཁྱད་ཆོས་བཞི་སྟེ་གཤིས་འཇམ་དང་། དཔའ་མཛངས། བྱམས་བརྩེ། བློས་བཏང་བཅས་ནི་བོད་མི་རིགས་ཀྱི་རྒྱུད་ལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་སྟབས། ཁོ་པས་རྟག་ཏུ་ཁྱད་ཆོས་དེ་དག་རྒྱུན་འཇགས་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གསར་འགོད་པས་ཁྱེད་རང་འབྲི་གཡག་རིག་གནས་དང་རྒྱུན་རིང་འགྲོགས་པའི་རྗེས་སོ་སོའི་རིན་ཐང་ལྟ་བ་ལ་འགྱུར་ལྡོག་གང་འདྲ་བྱུང་ཡོད་མེད་ཀྱི་སྐོར་འདྲི་སྐབས། སྙེ་ཕུ་ཤེས་རབ་ཀྱིས“རྟེན་མཛོད་གླིང་དུ་འབྲི་གཡག་རིག་གནས་དང་འབྲེལ་འདྲིས་བྱས་ནས་བགྲང་བྱ་10ལྷག་ཕྱིན་སོང་། དྲིན་ཆེན་ནོར་གྱིས་མིའི་རིགས་ཀྱི་ཆེད་དུ་སོ་སོའི་ཚེ་གང་ལེགས་སྐྱེས་སུ་འབུལ་གྱི་ཡོད། ང་ཚོས་དུས་རྒྱུན་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་ཐོབ་ཤོར་ཆེ་ཆུང་ལ་སྣང་བ་དེ་ཙམ་མ་གཏོང་བར་ཐུན་མོང་གི་ཁེ་ཕན་དེ་གཙོ་བོར་འཛིན་ནས་འབད་བརྩོན་བྱས་ན་འབྲས་བུ་བཟང་པོ་ཞིག་སྨིན་པ་བཤད་ག་ལ་དགོས། དེ་ནི་འབྲི་གཡག་རིག་གནས་དང་འབྲེལ་འདྲིས་བྱས་པ་བརྒྱུད་སོ་སོ་རང་ཉིད་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན”ཞེས་བཤད།
འདི་ནི་སྙེ་ཕུ་ཤེས་རབ་ཀྱིས་གློག་ཀླད་ཐོག་ལས་ཀའི་འཆར་གཞི་བཟོ་བཞིན་པ།
དཔེ་ཀློག་ནི་མི་བླ་ན་མེད་པ་ཞིག་དང་ཕན་ཚུན་གཏམ་གླེང་བྱེད་པ་ལྟར་སྣང་བས་ཁོ་པ་དུས་ཚོད་ཡོད་རིམ་བཞིན་དཔེ་ཆ་བཀླག་རྒྱུར་ཤིན་ཏུ་དགའ། ཁོ་པར་ལྗོངས་དྲིལ་བསྒྲགས་པུའུ་དང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་སྤྲད་པའི “རྨད་བྱུང་གི་དཔེ་ཀློག་ཁྱབ་སྤེལ་བ”ཞེས་པའི་བྱ་དགའ་ཐོབ་པ་དང་། ཁོ་པའི་ཤུགས་རྐྱེན་འོག་དཔེ་ཀློག་གི་དྲི་བསུང་ཉེ་འཁོར་གྱི་ས་ཆ་མང་པོར་འཐུལ་བ་དང་རྟེན་མཛོད་གླིང་དུ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དང་སྐྲུན་མུས་ཡིན་པ་རེད། ཁོང་གིས་དཔེ་ཀློག་བྱེད་སྐབས་རྟེན་མཛོད་གླིང་གི་མ་འོངས་པའི་འཕེལ་རྒྱས་སྐོར་ལའང་བསམ་བློ་མང་པོ་གཏོང་གི་ཡོད་པ་རེད། གསར་འགོད་པས་རྟེན་མཛོད་གླིང་གི་དཀའ་ཁག་སྐད་ཆ་འདྲི་སྐབས། སྙེ་ཕུ་ཤེས་རབ་ཀྱིས“རྟེན་མཛོད་གླིང་དུ་དཀའ་ཁག་ཆེ་ཆུང་མི་འདྲ་བ་ཁ་ཤས་ཡོད་ཀྱང་རང་ངོས་ནས་གཙོ་བོ་གཅིག་གླེང་ན། དེང་སྐབས་ཚན་རིག་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། འགྲེམས་སྟོན་གྱི་རྣམ་པ་དང་། ཞབས་ཞུའི་རྣམ་པ། དོ་དམ་ལམ་ལུགས་ལ་སོགས་པ་གྲངས་འཛིན་དུས་རབས་སུ་ཤུགས་སྣོན་གང་འདྲ་བརྒྱབ་ནས་འབྲི་གཡག་རིག་གནས་དེ་བས་ལེགས་པའི་སྒོ་ནས་ཁྱབ་སྤེལ་བྱ་རྒྱུ་ནི་རྟེན་མཛོད་གླིང་ལ་འཕྲད་པའི་དཀའ་ངལ་ཆེ་གྲས་ཤིག་རེད་འདུགམ་འོངས་པའི་ལོ་ཟླའི་ནང་རྒྱལ་ནང་གི་སྤུན་ཟླའི་ཞིང་ཆེན་ཁག་གི་རྟེན་མཛོད་གླིང་ལ་སློབ་སྦྱོང་གང་ལེགས་བྱས་ནས་གཡག་རྟེན་མཛོད་གླིང་དེ་གྲངས་འཛིན་ལམ་བུར་བསྐྱོད་རྒྱུར་འབད་བརྩོན་བྱ་རྒྱུ་དང་། དུས་མཚུངས་སུ་ལས་ཁུངས་གཞན་དག་དང་མཉམ་ལས་ཡོངས་ཐབས་སོགས་ལ་བརྟེན་ནས་འབྲི་གཡག་རིག་གནས་ཁྱབ་གདལ་དུ་གཏོང་བ་དང་དེའི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ལམ་དུ་ཞུགས་རྒྱུ་ཡིན”ཞེས་བཤད།
འདི་ནི་རྟེན་མཛོད་གླིང་དུ་ཡོད་པའི་སྲོག་ཆགས་ཀྱི་དམར་དཔེ་ཡིན་པ།
བོད་རིགས་ཀྱིས་འབྲི་གཡག་གཡུང་ལ་ཕབ་པ་དང་། འབྲི་གཡག་གིས་བོད་རིགས་གསོ་སྐྱོང་བྱེད་པའི་ཟེར་སྒྲོས་ཡོད། ཁོ་པས་འབྲི་གཡག་ཡོད་པའི་རྨང་གཞིའི་ཐོག་འབྲི་གཡག་རིག་གནས་བྱུང་བ་དང་། འབྲི་གཡག་རིག་གནས་ཡོད་པའི་དབང་གིས་ཁོ་པ་རང་ཉིད་བློ་གཅིག་སེམས་གཅིག་གིས་འབྲི་གཡག་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། གསར་འགོད་པས་ཁོ་པ་དང་གཏམ་གླེང་བྱས་པ་བརྒྱུད། འབྲི་གཡག་རིག་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ལ་རྒྱུས་ལོན་བྱུང་བ་དང་ཆབས་ཅིག རྟེན་མཛོད་གླིང་གི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་འབྲི་གཡག་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པའི་རྣམ་པའང་མཐོང་བྱུང་། མ་འོངས་པའི་ལོ་ཟླའི་ནང་འོད་སྟོང་འཕྲོ་བའི་ཏང་གི་མི་རིགས་སྲིད་ཇུས་དང་ཁོང་རྣམ་པའི་དཀའ་སྤྱད་འབད་ཐབས་འོག་འབྲི་གཡག་རིག་གནས་ཀྱིས་དུས་རབས་གསར་པར་དེ་བས་མཛེས་སྡུག་ལྡན་པའི་འོད་མདངས་འཕྲོ་བ་དང་། མི་དེ་བས་མང་བས་ས་མཐོའི་འབྲི་གཡག་གི་ངོ་མཚར་ཉམས་སུ་མྱོང་ཐུབ་པ་སྨོས་མེད་རེད།
(གསར་འགོད་པ། ཉི་མ་ཚེ་རིང་། བདེ་ཆེན་དགྲ་འདུལ། ཚེ་བརྟན་རྡོ་རྗེ། བསོད་ནམས་མཚོ་མོ།)