དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་ཀའི་མཛེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དབྱངས་ལྡེའུ།   |     སྤེལ་དུས།  2025-05-11

    ནམ་ཟླ་དྲོད་ཀྱི་མཚན་ཁ་འབར་བའི་སྟབས། །

    རི་ཀླུང་ཐང་གཞུང་ཁངས་དཀར་འཁྱག་དར་ཚོགས། །

    རྩྭ་ལྗང་རྩི་ཤིང་བརྟས་པའི་སེམས་བསྐྱེད་ཚུལ། །

    དབྱིག་འཛིན་རི་སྒང་པང་དུ་རླན་གཤེར་སྟོབ། །


    ལྷོད་དབྱངས་རྫོཊ་ལྡན་དཔྱིད་འགོའི་ཟིམ་ཟིམ་ཆར། །

    ནོར་འཛིན་དགའ་མའི་ཞལ་ངོགས་ཐལ་རྡུལ་ཚོགས། །

    དག་བྱེད་བྱབས་ཁྲུས་ཆོ་གའི་མཐོང་སྣང་གིས། །

    དགུན་མཐའི་སྨན་ཤར་སྒེག་མོ་གནས་དབྱུང་བྱས། །


    ལང་ལོང་བསང་དུད་འཁྲིགས་པའི་ཞིང་ཁ་རུ། །

    སྐྲ་དཀར་ཁུག་པ་ལྷས་པའི་བསམ་དཀར་རྒན། །

    ཁ་གཡང་སྨོན་འདུན་འཐེན་པའི་སྒྲ་གདངས་སྙན། །

    སོ་ནམ་ལས་ཀྱི་མགོ་མའི་དབུ་ཁྱུད་བྲིས། །


    གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མ་དེར། །

    ཞིང་ཁ་རེའུ་མིག་གྲུ་བཞི་སྟར་བསྒྲིགས་པར། །

    རོང་གི་སྒེག་ལྡན་མཛངས་མའི་དགའ་ཚོར་གྱིས། །

    མ་འདྲེས་འབྲུ་དྲུག་རེ་ལྟོས་ས་བོན་འདེབས། །


    ཚངས་ཐིག་སྐུད་པ་ལས་དྲང་ལམ་འགྲམ་གྱི། །

    མེ་ཏོག་འཛུམ་ཁ་ལྷོད་པའི་ཁམ་སྡོང་གསེང་། །

    རང་བྱུང་དྲི་ཞིམ་སོ་མ་སྐྱི་སེར་རླུང་། །

    ལམ་ཆེན་ལམ་ཕྲན་མ་ལུས་འཐུལ་བར་བྲན། །


    ལུ་གུས་རྣ་སྐྲིད་བརྒྱབ་པའི་པང་ཐང་ན། །

    གསར་སྐྱེའི་རྩྭ་ཕྲན་བསྒྲུགས་པའི་བལ་དཀར་ལུག །

    འབའ་སྒྲ་ལྷང་ལྷང་འབྱིན་པའི་དབྱངས་འགྲོས་ཀྱིས། །

    སྨན་ཤར་རྫི་གླུ་འགུག་པར་རམ་འདེགས་བགྱིས། །


    གཤོག་འགྱུ་ལྡེམ་ལྡེམ་གཡོ་བའི་ངང་སེར་ཁྱུས། །

    དགུན་གསུམ་ལས་ཀྱིས་བྱེས་པའི་མཚོའི་མོའི་པང་། །

    ཡིད་དགའི་ཆུ་རྩེད་རོལ་བའི་མཐོང་སྣང་ལས། །

    མ་བཅོས་བརྩེ་འདང་མེ་ལོང་གསལ་བར་སྟོན། །


    ཆར་སྤྲིན་བ་གམ་བརྩེགས་པའི་ཁང་བཟང་ལས། །

    དཔྱིད་མགོའི་དིར་དིར་འབྲུག་སྐད་གསར་མའི་སྒྲས། །

    བག་འཁུམས་གཉིད་དུ་ཡུར་བའི་ན་རོ་སྤུན། །

    མཐོང་སྣང་འཇིག་རྟེན་མཛེས་པར་ལྟད་མོར་བསུས། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།