ཁ་བའི་བརྩེ་མདངས།
ཁ་བའི་འདབ་མ་རེ་ལ་དུང་བའི་རྒྱན་ཆ་བཏགས་ཡོད། །
ཁ་བ་མར་མར་བབས་བྱུང་ཨ་ཅག་ངག་གི་ལྷ་མོ། །
འཛུམ་པའི་ཞལ་རས་མངོན་དང་དད་པས་འོ་ཞིག་བྱེད་ཆོག །
བསིལ་འཇམ་རེག་བྱའི་ཁྲོད་ན་ངག་གི་ལྷ་མོ་བཞུགས་ཡོད། །
ཁ་བ་མདངས་ཀྱི་དྭངས་མ་ཆོས་ཉིད་དབྱིངས་ཀྱི་བཀོད་པ། །
ཁ་བའི་གོས་དཀར་གྱོན་པའི་ངག་དབང་དབྱངས་ཅན་ལྷ་མོས། །
འདོད་པའི་མྱོས་བུམ་གཡུག་གིན་ཕྱག་ཟུང་པདྨ་བརྐྱངས་ནས། །
སྤྲོས་བྲལ་བདེ་ཆེན་མགུར་དབྱངས་ཡང་ཡང་དཀྲོལ་དེ་སྙན་བྱུང་། །
ཐུཊ་རྗེའི་བྱིན་རླབས་དཀར་པོ་རབ་དཀར་གངས་ཀྱིས་མཚོན་ཡོད། །
སྙན་པའི་གྲགས་པ་དཀར་པོ་མཁས་པའི་དབུས་སུ་དཀར་ཡོད། །
རབ་མཛེས་ཞལ་རས་དཀར་པོའི་འཕྲིན་ལས་ས་གསུམ་དཀར་བས། །
ཁ་བའི་རེག་བྱ་འཇམ་པོ་སྡུག་བསྔལ་སེལ་བའི་གཉེན་ཡིན། །
སྤྲིན་པའི་འདུ་འགོད་རེ་རེས་ཞི་བའི་ལྷ་ཚོགས་སྤྲུལ་ནས། །
ལྷ་ཞལ་འོད་ཟེར་མཚོན་ཕྱིར་ཁ་བའི་འདབ་མ་བཞད་སོང་། །
ཁ་བའི་འདབ་མའི་ཁྲོད་དུ་རིག་པའི་གཤོག་ཟུང་བརྐྱངས་ཏེ། །
བླངས་པའི་མགུར་གླུ་རིང་མོ་ཐོས་འཛིན་དབང་པོའི་རྒྱན་ཡིན། །
དོག་པའི་གྲེ་འགྱུར་དང་ནི་སྙན་པའི་དབྱངས་ལ་འཁྱུད་པའི། །
མགུར་ཚིག་ཧ་ལོའི་མེ་ཏོག་སེམས་ཀྱི་དྲོད་དང་མཚུངས་པས། །
ཡང་ཡང་སེམས་ཀྱིས་རོལ་དང་ང་ལ་བརྩེ་བ་འཁོར་ཡོང་། །
སྡུག་བསྔལ་མེད་པའི་སྨོན་འདུན་ཁྱོད་ཀྱི་ལག་ཏུ་སོན་སྲིད། །
ལས་ཀྱི་སྐལ་བ་མཐུན་པའི་གཞས་ཀྱི་ལྷ་མོ་དྲན་ན། །
མཛེས་པའི་ཁ་བར་བལྟས་ནས་རྨི་ལམ་སྣ་ཚོགས་རྨི་ཡོང་། །
སྨན་ཆུང་བུ་མོའི་ལག་གདུབ་ཁ་བའི་ཁྲོད་དུ་ལྷག་འདུག །
འགྲོས་མཐུན་བྱེའུ་ཆུང་གཉིས་ཀྱི་སྤྱན་གྱིས་སྲུང་པ་ཡག་མོ། །
ཁ་བའི་མདངས་ལ་བལྟས་ན་བརྩེ་བའི་མེ་ཏོག་དྲན་ཡོང་། །
ཁ་བ་འབབ་སྟངས་ཤིག་གིས་ཕྱིར་དྲན་ཀློང་དུ་ཚུད་སོང་། །
བདག་གི་ཁ་བ་དཀར་པོ་དྲན་སེམས་འོ་མའི་མཚོན་ཡིན། །
བསིལ་ལྡན་ཁ་བའི་ལྗོངས་ནས་ཚོར་བའི་གཞས་འདི་བླངས་ཡོད། །
ཁ་བའི་ཁྲོད་ནས་སྐྱེས་ཤིང་གངས་རིའི་འདབས་ནས་འཚར་བས། །
ཁ་བར་དུང་བའི་སེམས་པ་མ་འགྱུར་བྲག་ལས་བརྟན་པ། །
ཁ་བའི་སྒེག་ཉམས་བར་ནས་སྙན་ངག་ཡང་ཡང་བཞུར་ནས། །
བསིལ་བསིལ་རླུང་བུའི་འགྲོས་ལ་སེམས་པ་ཕྱོགས་ཚུལ་གླེང་ཡོད། །
མདང་ནུབ་བབས་པའི་ཁ་བ་འགྲོ་ལམ་བཀག་རོགས་ཡིན་ཡང་། །
ད་ནངས་བབས་པའི་ཁ་བས་ཚོར་བའི་སྒོ་མོ་ཕྱེས་སོང་། །
ད་སྐབས་ཁ་བ་ལྷན་དུ་ཡི་གེའི་རི་མོ་བྲིས་ཡོད། །
ཁ་བ་རྩེད་རོགས་མཐུན་རོགས་བརྩེ་སེམས་ཤེས་པའི་གྲོགས་ཡིན། །