དུས་བཞིའི་སྣང་བ།
ཆུ་འཛིན་ཕང་ཕུང་མཁའ་ལ་འཕྱོ་ནས་ཆར་བ་སིམ་སིམ་ས་ལ་འཐོར། །
ནོར་འཛིན་བུ་མོར་གོས་ལྗང་བཀླུབས་ནས་མེ་ཏོག་སྣ་ཚོགས་རྒྱན་གྱིས་སྤྲས། །
གཞན་གསོས་བུ་མོའི་མགྲིན་གླུ་སྙན་མོ་ནགས་ཀླུང་ཕྱུག་མོའི་ཁ་རུ་ཁྱབ། །
དཔྱིད་དཔལ་བཞད་པའི་དུས་ཚིགས་འདི་ཡིས་བདག་ལ་སྤྲོ་བ་ཡང་ཡང་སྦྱིན། །
ལྗང་མདོག་མཛེས་བའི་རྩྭ་ཐང་སྟེང་ལ་མེ་ཏོག་དཀར་དམར་མཚར་དུ་དངར། །
སིམ་སིམ་ཆར་པས་ཉིན་མཚན་བརླན་པའི་རི་ཀླུང་དེ་དག་སྨུག་ཅིང་བརྗིད། །
དཀར་དམར་ཆུ་འཛིན་བང་རིམ་རྟོལ་བའི་གཡུ་འབྲུག་གད་རྒྱངས་ལྷང་སེ་ལྷང་། །
སྒེག་ལྡན་དབྱར་གྱི་དུས་ཚིགས་འདི་ཡིས་ང་ལ་སྐྱིད་པའི་སྣང་བ་བསྩལ། །
མཁའ་དབྱིངས་དྭངས་ལ་ཆུ་འཛིན་དཀར་བའི་མ་བྲིས་རིས་ཀྱི་མཛེས་པ་མངོན། །
ལི་ཁྲིའི་མདངས་ལྡན་ནོར་འཛིན་ལྟོ་བར་ཁ་བ་དཀར་པོས་ཡང་ཡང་སྤུད། །
སེར་མདོག་གྱུར་བའི་ལོ་མ་དེ་དག་དྲི་བཞོན་རླུང་བུས་གང་སར་འཁྱེར། །
མི་རྟག་སྟོན་གྱི་འགྱུར་བ་རྒོད་པའི་བདག་ཀྱང་སྐྱོ་བ་ཅུང་ཙམ་གནང་། །
འདབ་དྲུག་ཁ་བའི་རི་ཀླུང་དག་ལ་དངུལ་ཞུན་བྱུག་འདྲའི་མདངས་ཤིག་བསྩལ། །
རི་ཀླུང་ཁ་མདོག་སྐྱ་བོར་གྱུར་ལ་ས་རྡུལ་རླུང་བུས་གང་སར་སྤུར། །
གྲང་ལྷགས་ངར་ཁ་མདའ་མོའི་རྣོ་ཡིས་དལ་འབབ་གཙང་པོ་བཞུར་རྒྱུན་བཅད། །
ལྷགས་རླུང་རྒོད་བའི་དགུན་ཟླ་འདི་ཡིས་ང་ལ་སུན་པའི་སྣང་བ་སྟེར། །