སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་གསར་འགྱུར་གྱི་ནང་དོན་ཇི་ལྟར་སྤེལ་མིན་ཐད་ཀྱི་བསམ་ཚུལ་འགའ།
སྤུས་ལེགས་ཀྱི་ནང་དོན་ནི་སྨྱན་སྦྱོར་ཚན་པས་བརྩོན་ལེན་དང་འཚོལ་ཞིབ་བྱེད་པའི་གཞི་རྩ་ཡིན། ཤོག་བུའི་ཚགས་པར་རིམ་བཞིན་མེད་པར་འགྲོ་སྲིད་ཡང་། གསར་འགྱུར་ནི་ནམ་ཡང་ལྟ་ཀློག་མཁན་དང་བྲལ་མི་སྲིད། དུས་ནམ་ཡིན་རུང་སྤུས་ལེགས་ཀྱི་ནང་དོན་ནི་མི་སེམས་འགུག་ཤོས་དང་། གསར་འགྱུར་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེར་བསྐྱེད་ཀྱི་རྩ་བ་དེ་ཡིན། སྨྱན་སྦྱོར་མཉམ་འདྲེས་བྱ་དགོས་དོན་ཅི་ཡིན་ཞེ་ན། དུས་རབས་ཀྱི་ཚོན་མདངས་ལྡན་པའི་གསར་འགྱུར་དང་དོན་སྙིང་ལྡན་པའི་གསར་འགྱུར་ཐོན་སྐྱེད་བྱ་ཐུབ་བྱེད་ཡིན། “ཚགས་ཤོག”ལ་ལྟ་བའི་དུས་རབས་ནས་“བརྙན་ཤེལ”ལ་ལྟ་བའི་དུས་རབས་དབར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། སྔོན་ཐོན་ལག་རྩལ་སྤྱད་པ་ཕུད་ནང་དོན་ནི་སྨྱན་སྦྱོར་མཉམ་འདྲེས་ཀྱི་རྨང་གཞི་ཡིན།
སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་མཆོག་གྱུར་གྱི་ནང་དོན་ཇི་ལྟར་སྤེལ་དགོས་སམ། མཆོག་གྱུར་གྱི་ནང་དོན་ལ་ཁྱད་ཆོས་གང་དག་ལྡན་དགོས་སམ་ཞེ་ན།
༡ གསར་འགྱུར་ནང་དོན་གྱི་འབྱུང་ཁུངས་བདེན་པ་དང་ཡང་དག་ཡིན་དགོས།
“གསར་འགྱུར་གྱི་ཁུངས་སྣེ་ནི། གསར་འགྱུར་དོན་དངོས་ཀྱི་མྱུ་གུ་འབུད་པར་བྱེད་པའི་བརྡ་རྟགས་དེར་ཟེར་བ་དང་། དེ་གསར་འགྱུར་བཅར་འདྲིའི་ཁུངས་སྣེ་ཡིན་ལ། གསར་འགྱུར་རྩོམ་འབྲིའི་རྨང་གཞི་ཡང་ཡིན” གསར་འགྱུར་ནང་དོན་བདེན་པ་དང་འཕྱུགས་པ་མེད་པ་ནི་སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་གསར་འགྱུར་ཆེད་ལས་རིང་ལུགས་ཀྱི་གལ་ཆེའི་མཐའ་ཚད་ཞིག་ཀྱང་ཡིན། གལ་ཏེ་གཙོ་རྒྱུན་སྨྱན་སྦྱོར་གྱི་གནད་ལ་འཁེལ་ཞིང་དོན་དངོས་དང་མཐུན་པའི་ནང་དོན་འགོད་སྤེལ་མ་ཐུབ་ཚེ། རང་ངོས་ཀྱི་དབང་གྲགས་ལ་གནོད་པ་ཕུད། སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་ཞབས་ཞུ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་གནོད་འཚེ་བཟོ་སྲིད། སྐབས་ཤིག་རིང་གཙོ་རྒྱུན་སྨྱན་སྦྱོར་ཁག་གིས་རང་ཉིད་ཀྱི་ཆེད་ལས་དང་དབང་གྲགས་ལ་བརྟེན་ནས། སྨྱན་སྦྱོར་ཚན་པ་གཞན་གྱི“ཚད་ལྡན་བསླབ་གཞིར”གྱུར་ཡོད། ཕྱིས་སུ་མཉམ་འདྲེས་ཇི་ལྟར་བྱས་རུང་སྤུས་ལེགས་ཀྱི་གསར་འགྱུར་ནང་དོན་ནི་སྔར་རྒྱུན་བཞིན་གཙོ་རྒྱུན་སྨྱན་སྦྱོར་གྱི་ལེགས་ཆ་དང་ཁྱད་ཆོས་ཡིན། གཙོ་རྒྱུན་སྨྱན་སྦྱོར་ལ་གསར་འགྱུར་སྔོག་འདོན་དང་རྩོམ་སྒྲིག་གི་ནུས་པ་ཆེན་པོ་ལྡན་ཡོད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་གཞན་ལ་རག་ཐབས་མེད་པའི་དབང་གྲགས་ལྡན་པའི་ཆ་འཕྲིན་འཚོལ་བསྡུ་ཐུབ་ལ། ཚད་ལྡན་དང་སྒམ་ནན་གྱི་རྩོམ་འབྲི་དང་རྩོམ་སྒྲིག གསར་འགྱུར་འགོད་སྤེལ་གྱི་བརྒྱུད་རིམ་ཚད་ལྡན་བརྒྱུད་དགོས། ཆེད་ལས་ཅན་གྱི་སྨྱན་སྦྱོར་ཚན་པ་ཞིག་གི་ངོས་ནས་བརྗོད་ན། གསར་འགྱུར་ཡོང་ཁུངས་བདེན་པ་དང་འཕྱུགས་པ་མེད་པ་ཞིག་ཡོང་བ་བྱས་ནས། སྲོལ་རྒྱུན་གྱི་ལེགས་ཆ་དག་མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་ཐོན་སྐྱེད་ནང་སྣུར་བསྲིང་དང་རྒྱ་སྐྱེད་བྱ་ཐབས་དང་། སྤུས་ལེགས་ཀྱི་གསར་འགྱུར་ནང་དོན་ལ་བརྟེན་ནས་མང་ཚོགས་ཀྱི་དགའ་མོས་ཐོབ་ཐབས་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་དང་མི་དམངས་ཀྱི་བསམ་འདུན་མཚོན་ཐུབ་ཐབས་བྱ་དགོས།
༢ སྙིང་བསྡུས་རང་བཞིན་དང་སྟབས་བདེའི་ངང་གསར་འགྱུར་བརྒྱུད་བསྒྲགས་བྱ་དགོས།
དེང་དུས་ཀྱི་འཚོ་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་གསར་འགྱུར་ལྟ་ཀློག་བྱེད་སྟངས་ཀྱང་དེ་བས་སྟབས་བདེ་དང་སྣ་མང་ཅན་དུ་གྱུར་ཟིན། གསར་འགྱུར་བརྩམས་ཆོས་ཁུ་བསྡུའི་ངང་སྤེལ་ཚེ་གཞི་ནས་ལྟ་ཉན་མཁན་གྱི་ཡིད་དབང་འཕྲོག་ཐུབ་པ་དང་དོ་སྣང་བྱ་ཡུལ་དུ་གྱུར་ཐུབ། སྨྱན་སྦྱོར་མཉམ་འདྲེས་བྱེད་པར་ངེས་པར་དུ་ཁུ་བསྡུ་ལེགས་སྒྲིག་བྱས་པའི་འགག་རྩའི་ཆ་འཕྲིན་དག་ལ་སྣང་ཆེན་དང་སྟངས་འཛིན་བྱ་དགོས། དེ་སྔ་ཚགས་པར་ཁང་སོགས་གཙོརྒྱུན་སྨྱན་སྦྱོར་གྱི་གསར་འགྱུར་བརྩམས་ཆོས་ཕལ་ཆེ་བ་རིང་པོ་ཤ་སྟག་ཡིན། འོན་ཀྱང་སྨྱན་སྦྱོར་གསར་པའི་དུས་སྐབས་སུ་ཡིག་འབྲུ་2000ལྷག་ཙམ་ཡོད་པའི་རྩོམ་ཡིག་ཀློག་པ་པོས་བློ་རྩེ་གཅིག་སྒྲིམ་གྱིས་ཀློག་པའི་གོམས་གཤིས་དང་ཁོམས་པ་མེད་པར་གྱུར། ཚོད་ལྟ་ཞིབ་འཇུག་ལས་མངོན་པར། འབྲེལ་ལམ་སྨྱན་སྦྱོར་ཐོག་མི་རྣམས་ཀྱིས་བརྙན་ཐུང་ལྟ་བའི་ཆ་སྙོམས་དུས་ཚོད་སྐར་ཆ་40ལས་བརྒལ་གྱི་མེད། དེ་ཡང་དང་ཐོག་མར་དཔོད་འཕྲིན་གྱི་ཡིག་གྲངས་140ནང་ཚུན་དུ་གཏན་འཁེལ་བྱས་པའི་དགོས་པ་ཡང་ཡིན། སྙིང་བསྡུས་ཅན་གྱི་ནང་དོན་དགོས་པ་ཕུད། མི་རྣམས་ཐོན་མ་ཐག་པ་དང་ཐོན་བཞིན་པའི་གནས་ཚུལ་དང་དོན་རྐྱེན་ཤེས་འདོད་པས། གསར་འགྱུར་གྱི་ནང་དོན་མགྱོགས་ནས་མྱུར་དུ་སྤེལ་ཐུབ་པ་དགོས། ལྷག་པར་དུ་ལག་རྩལ་གསར་པའི་འདེགས་སྐྱོར་འོག ས་གནས་ས་ཐོག་ཏུ་ཐད་གཏོང་བྱས་ནས་མི་རྣམས་གསར་འགྱུར་ཐོན་ཡུལ་དངོས་སུ་སླེབས་པའི་མྱོང་བ་དང་། གསར་འགྱུར་དོན་རྐྱེན་གྱི་འབྱུང་རིམ་ཡོངས་ལ་ཤེས་རྟོགས་ཐུབ་པ་བྱེད་དགོས་ཀྱི་ཡོད།
༣ ཞབས་ཞུའི་ཐད་གནད་ལ་ཁེལ་ཞིང་རང་གཤིས་ཅན་དང་ལྡན་པ།
དེང་སྐབས། མི་རྣམས་ཀྱི་གསར་འགྱུར་དགོས་མཁོ་ཉིན་རེ་བཞིན་རང་གཤིས་ཅན་དུ་འགྱུར་བཞིན་ཡོད། གཙོ་རྒྱུན་སྨྱན་སྦྱོར་གྱི་རྣམ་པ་རྙིང་པའི་གསར་འགྱུར་འགོད་སྤེལ་བྱ་ཐབས་ཀྱིས་དྲ་སྦྲེལ་དུས་རབས་ཀྱི་དགོས་མཁོ་ཚང་མ་སྐོང་ཐབས་བྲལ། དེས་ན་ངེས་པར་དུ་ཐུན་མོང་རང་བཞིན་གྱི་གསར་འགྱུར་ནང་དོན་དང་རྣམ་པ་མཁོ་འདོན་བྱེད་པ་ཕུད། ཚོགས་སྤྱི་མི་འདྲ་བའི་མི་རྣམས་ཀྱི་དགོས་མཁོ་དང་གྲངས་གཞི་ཆེ་མོའི་ལག་རྩལ་སོགས་ལ་བརྟེན་ནས་སྤྱོད་མཁན་ལ་དབྱེ་ཞིབ་བྱས་ཏེ། གནད་འཕིགས་ངང་བྱེ་བྲག་རང་བཞིན་གྱི་གསར་འགྱུར་ནང་དོན་དང་རྣམ་པ་མི་འདྲ་བ་ཁྱབ་གདལ་གཏང་དགོས། དེ་སྔ་གཙོ་རྒྱུན་སྨྱན་སྦྱོར་གྱིས་སྨྱན་སྦྱོར་སྤྱོད་པ་པོ་ཡོངས་ལ་དམིགས་པའི་གསར་འགྱུར་མཁོ་འདོན་བྱས་པ་ལས། རང་གཤིས་ཅན་གྱི་བསམ་གཞིག་སྤྱིར་ན་མེད་སྟབས། སྤྱོད་མཁན་མི་འདྲ་བར་དམིགས་པའི་ཁྱད་ལྡན་ཐོན་རྫས་མཁོ་འདོན་བྱེད་སྲོལ་མེད། དེས་ན་རང་འགུལ་ངང་རང་གཤིས་ཅན་གྱི་ཁྱད་ཆོས་ལྡན་པའི་ནང་དོན་དང་ཐོན་རྫས་ཇུས་འགོད་དང་། གང་མགྱོགས“བརྒྱུད་བསྒྲགས-ཚུར་ལན་བསམ་འཆར-ཡང་བསྐྱར་བརྒྱུད་བསྒྲགས”ཀྱི་ཐོན་སྐྱེད་ལམ་སྲོལ་གཏོད་ནས། དུས་ཐོག་ཏུ་སྤྱོད་པ་པོའི་བསམ་བློ་དང་བྱ་སྤྱོད་ལ་རྒྱུས་ལོན་དང་། གསར་འགྱུར་ཐོན་སྐྱེད་མཁན་དང་སྤྱོད་པ་པོའི་དབར་སྤེལ་རེས་བྱས་ཏེ་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་བཏང་བ་དང་མང་ཚོགས་ཀྱི་དགོས་མཁོ་ཅི་ཡོད་བསྐངས་པ་བཅས། འབྲེལ་ལམ་སྨྱན་སྦྱོར་བརྒྱུད་སྤྱོད་པ་པོར་གཅིག་གཏད་གཅིག་གི་ཐོག་ནས་འབྲེལ་གཏུག་བྱས་ཏེ། ཁོང་ཚོས་གསར་འགྱུར་ཁུངས་སྣེ་ཤེས་རྟོགས་དང་གསར་འགྱུར་ཐོན་སྐྱེད་ནང་ཞུགས་རྒྱུའི་གདན་ཞུ་སོགས། མདོར་ན་སྤྱོད་པ་པོས་སྤེལ་བའི་གླེང་བརྗོད་ལ་དུས་ཐོག་ཏུ་བརྡ་ལན་ཡོད་པ་བྱས་ཏེ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔེར་ན། མི་དམངས་ཉིན་རེའི་ཚགས་པར་གྱི《དམག་ཆས་གྱོན་པ》ཞེས་པའི་H5ལ་ཉིན་གཉིས་ཀྱི་ནང་མཐེབ་སྣོན་ཚད་དུང་ཕྱུར་2ལྷག་བྱུང་ཡོད་དེ། དེ་ནི་འབྲེལ་ལམ་སྨྱན་སྦྱོར་བརྒྱུད་སྤྱོད་པ་པོ་དང་མཉམ་འགུལ་བྱེད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན།
༤ ཀུན་འདུས་སྨྱན་སྦྱོར་གྱི་སྒྲོག་སྤེལ་བྱ་ཐབས་སྤྱད་རྒྱུ།
ཀུན་འདུས་སྨྱན་སྦྱོར་གྱི་གསར་འགྱུར་ནང་དོན་ལ་འབུར་གཟུགས་ཅན་གྱི་ཁྱད་ཆོས་ལྡན་ཡོད་པས། སྨྱན་སྦྱོར་ཚན་པ་ཀུན་གྱིས་ཐབས་ལམ་མང་པོར་བརྟེན་ནས་གསར་འགྱུར་གྱི་ནང་དོན་འབུར་གཟུགས་ཅན་དུ་མངོན་ཐབས་དང་། གསར་གཏོད་ཀྱི་གསར་འགྱུར་སྤེལ་ཐབས་བྱེད་བཞིན་ཡོད་པ་རེད། དཔེར་ན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བཏོན་པའི“ནས་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད”ཅེས་པར་མཚོན་ན། མུ་འབྲེལ་བཏགས་རིས་ཀྱི་ལམ་ནས་ཏང་གི་ལོ་རྒྱུས་གསལ་འགྲེལ་བྱེད་པར་ཉིན་ཤས་ལས་མ་འགོར་བར་མཐེབ་གནོན་ཚད་མི་ཐེངས་ཁྲི་ལས་བརྒལ་ཏེ་བརྒྱུད་སྤེལ་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། དེའི་རྗེས་སུ། 《སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི》ཆེད་བསྒྲིགས་ལེ་ཚན་གྱི་བརྙན་ཐུང་དང《ངོ་མཚེར་ཆེ་བའི༢༠༢༡》ཅེས་པ་འགྲེམས་སྤེལ་བྱས་པར་ཡང་བསྐྱར་གྲུབ་འབྲས་ལེགས་པོ་ཐོན་ཡོད། གསར་འགྱུར་ཐོན་རྫས་སྒྲིག་བཟོའི་བརྒྱུད་རིམ་ནང་ཁྱབ་སྤེལ་བྱེད་ཐབས་མི་འདྲ་བ་སྤྱད་དེ། འགུལ་རིས་དང་གྲངས་གཞི་སོགས་ཀྱིས་ནང་དོན་མཚོན་ཐབས་བྱས་ནས། ནང་དོན་འབུར་གཟུགས་ཅན་དང་རྣམ་པ་གསར་གཏོད་ཅན་ཡོང་བ་བྱས་ཏེ། ནང་དོན་དང་རྣམ་པའི་ཁྱད་ཆོས་མཉམ་དུ་འདུས་པའི་གསར་འགྱུར་ཐོན་སྐྱེད་བྱ་རྒྱུ་དང་། གསར་འགྱུར་གྱི་བརྒྱུད་བསྒྲགས་ནུས་པ་མཐོར་འདེགས་གཏོང་དགོས།
ནང་དོན་ནི་གསར་འགྱུར་ལས་རིགས་ཀྱི་ཆེད་ལས་རང་བཞིན་མངོན་པའི་ཐབས་ལམ་ཉག་ཅིག་ཡིན། སྨྱན་སྦྱོར་ལས་རིགས་ལ་འགྱུར་བ་ཇི་ལྟར་བྱུང་རུང་། ནམ་ཡང་འགྱུར་བ་མེད་པ་ནི་ནང་དོན་ལྟེ་བར་འཛིན་རྒྱུ་དེ་ཡིན། སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱིས་དེ་བས་ཀྱང་ནང་དོན་ཐོན་སྐྱེད་ལ་མཐོང་ཆེན་བྱས་ནས་ནང་དོན་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས། སླར་ཡང་ནང་དོན་ལྟེ་བར་འཛིན་པའི་སྐོར་གླེང་བའི་རྒྱུ་མཚན་ནི་དེ་སྔའི་ནང་དོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་གཏན་ནས་མིན་པར། དེ་ལས་ལྡོག་སྟེ་སྨྱན་སྦྱོར་གསར་པའི་དུས་སྐབས་སུ་ནང་དོན་གཙོ་བོར་འཛིན་པའི་ཚ་རླབས་ཤིག་འཕྱུར་བ་མཚོན་ཡོད། སྨྱན་སྦྱོར་གསར་པའི་དུས་སྐབས་སུ་སྨྱན་སྦྱོར་མི་འདྲ་བའི་དབར་རྣམ་པ་འདྲ་མིན་གྱི་ཐོག་ནས་མཉམ་ལས་བྱས་ཏེ། རང་སོ་སོའི་ཁྱད་ལྡན་ཐོན་ཁུངས་འདོན་སྤེལ་དང་སྟེགས་བུ་སྣ་མང་ཅན། ཐབས་ལམ་མི་འདྲ་བ་བཅས་ལ་བརྟེན་ནས་སྡེབ་སྒྲིག་བྱས་པ་བརྒྱུད། རང་གཤིས་ཅན་དང་གཏན་ཆགས་རང་བཞིན་གྱི་གསར་འགྱུར་ཐོན་རྫས་ཐོན་སྐྱེད་བྱ་དགོས། དེས་ན་སྨྱན་སྦྱོར་གསར་པའི་དུས་སྐབས་སུ་སྲོལ་རྒྱུན་སྨྱན་སྦྱོར་ཚན་པས་ནང་དོན་སྒྲིག་བཟོར་མཐོང་ཆེན་དང་འབད་བརྩོན་བྱས་ཏེ་གང་མགྱོགས་ཕྱོགས་སྒྱུར་དང་མཉམ་འདྲེས་གཏིང་ཟབ་ཐུབ་ཐབས་བྱ་དགོས།
འབྲེལ་ཡོད་གསར་འགྱུར།