རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ལྷག་པས།
མྱུར་སྐྱེལ་ཁུག་མ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་བ།
འདི་ནི་ལྷག་པས“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་ལག་ཁྱེར་སྟོན་བཞིན་པ། (དཔྱད་གཞིའི་པར་རིས)
ཞོགས་པའི་ཆུ་ཚོད་8པ་ཡོལ་ཙམ་ལ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་3ལ་སླེབས་ཡོད། མཚན་གུང་གི་ཆུ་ཚོད་2པ་ཡོལ་ཙམ་ལ། ལྷ་ས་ནས་ཐོན་པའི་མྱུར་སྐྱེལ་ཁུག་མ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཞིག་ནག་ཆུ་གྲོང་ཁུལ་གྱི་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སིའི་ལས་གཉེར་པུའུ་རུ་འབྱོར།
ཟོག་འདྲེན་འགྱིག་འཁོར་འགྲམ་དུ། སྦྲག་སྐྱེལ་བ་ལྷག་པ་དང་ལས་རོགས་20ལྷག་ཙམ་དུས་ཡུན་རིང་པོ་དེ་གར་སྒུག་ནས་བསྡད་ཡོད། རླངས་འཁོར་ནས་དོས་པོ་འབེབས་མ་ཐག་དབྱེ་བ་འབྱེད་པ་དང་། ནང་དུ་འཇུག་པ། དངོས་ཟོག་ཕྱིར་གཏོང་བཅས་ཀྱི་ལས་ཀ་ཚང་མས་ཧ་རུབ་སྦ་རུབ་བྱས་སྟབས། ཆུ་ཚོད་གཅིག་ལྷག་ཙམ་གྱི་ནང་རི་ལྟར་སྤུངས་པའི་མྱུར་སྐྱེལ་ཁུག་མ་དག་རང་སོ་སོའི་སྡེབ་སྐྱེལ་རླངས་འཁོར་དུ་བགོ་བཤའ་བརྒྱབ།
ལས་ཀ་བྱེད་སྟངས་འདི་ལྷག་པའི་ངོས་ནས་བཤད་ན་སྔ་ས་ནས་རྒྱུས་མངའ་ཡོད་པའི་ལས་ཀ་ཞིག་རེད། 2016ལོར་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སིར་ལས་ཀར་ཞུགས་པ་ནས་བཟུང་ལྷག་པས་དེ་གར་ལས་ཀ་བྱས་ནས་ལོ་དགུ་ཙམ་སོང་ཡོད།
ལོ་དགུ་ཡི་གོང་དུ་ལྷག་པས་དུས་ཐུང་ལོ་འདི་དག་ནང་ནག་ཆུར་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་འདི་ལྟ་བུ་ཡོང་བ་བསམ་ཡུལ་ལས་འདས། ད་ཆ་བྱང་རྩྭ་ཐང་དུ་ནང་ས་ནས་ཅ་དངོས་གང་དགོས་ཉོ་སྒྲུབ་བྱས་ཚེ་དེ་མུར་ལག་འབྱོར་ཐུབ་ཀྱི་ཡོད།
མྱུར་སྐྱེལ་བའི་ལས་རིགས་དེར་མི་དེ་བས་མང་བའི་བརྩི་འཇོག་ཐོབ་པ་དང་མི་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། མྱུར་སྐྱེལ་བ་ལྷག་པ་ཡང་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་ནག་ཆུ་ནས་པེ་ཅིང་དུ་བསྐྱོད་དེ། གཟི་བརྗིད་ལྷག་པར་ཆེ་བའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུཌ་པ་རེད།
ད་ལོ་ལྷག་པར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་པ་རེད།
“སེམས་ནང་གཟི་བརྗིད་ཧ་ཅང་ཆེན་པོ་ལྡན་པའི་མྱོང་ཚོར་བྱུང་། གཟི་བརྗིད་དེ་ནི་ངས་ལོ་མང་རིང་ལས་གནས་བརྟན་སྲུང་བྱས་པར་བསྔགས་བརྗོད་བྱས་པ་ཞིག་རེད་ལ། མྱུར་སྐྱེལ་ལས་རིགས་དང་ལས་གཉེར་བ་ཚང་མར་ཁས་ལེན་བྱས་པ་ཞིག་ཀྱང་རེད”ཅེས་ལྷག་པས་བརྗོད་པ་དང་། པེ་ཅིང་ནས་ལོག་སླེབས་རྗེས་ལྷག་པས་དུས་ཚོད་སྐར་ཆ་ཙམ་ཡང་འཐུས་ཤོར་མི་ཡོང་བ་བྱས་ནས་གང་མགྱོགས་ལས་གནས་སུ་ལོག་པ་རེད།
“འཕེལ་རྒྱས་ཧ་ཅང་མགྱོགས་པོ་ཕྱིན་སོང” ནག་ཆུ་གྲོང་ཁྱེར་གྱི་འཕེལ་རྒྱས་ནང་ཞུགས་མཁན་དང་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ལྷག་པས་ཕྱིར་དྲན་དེ་ལྟར་བྱས། 2016ལོའི་ཟླ་8པར། ཁོང་ནག་ཆུར་ཐོག་མར་འབྱོར་སྐབས་ཧྲུན་ཧྥུང་ཀུང་སིར་མྱུར་སྐྱེལ་བ་3ལས་མེད་པ་དང་ཉིན་རེར་ཆ་སྙོམས་བསྐུར་མ་500ཙམ་བསྡུ་སྐྱེལ་བྱེད་དགོས་ཀྱི་ཡོད། མིག་སྔར། ཧྲུན་ཧྥུང་ཀུང་སིར་མྱུར་སྐྱེལ་བ་25ཡོད་པ་དང་ཉིན་རེར་བསྡུ་སྐྱེལ་བྱས་པའི་བསྐུར་མའི་གྲངས་འབོར་དེ་2016ལོའི་ལྡབ་3ལྷག་ཙམ་ཡིན་པ་རེད།
ལྷག་པས་གསར་འགོད་པར་བསྡུ་སྐྱེལ་བའི་ལས་གནས་ནི་ཕར་བལྟས་ན་ལས་སླ་པོ་་ཞིག་ཡིན་མོད། དོན་དངོས་ཐོག་ཤེས་བྱ་དང་རྩལ་ནུས་སྣ་ཚོགས་ཁོང་དུ་ཆུད་ན་ད་གཟོད་ལས་ཆོད་དང་ཞབས་ཞུའི་སྤུས་ཚད་འགན་ལེན་བྱེད་ཐུབ། ཞབས་ཞུའི་ཚད་གཞི་དང་། ཐོན་རྫས་ཀྱི་ཤེས་བྱ། ཐུམ་སྒྲིལ་རྒྱག་སྟངས། སྐྱེལ་སྤྲོད་ལས་ཆོད་སོགས་ཚང་མར་ཐབས་ཤེས་མང་པོ་ཞིག་ཡོད་ཅེས་བརྗོད།
1994ལོར་སྐྱེས་པའི་ལྷག་པ་ནི་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སིའི་ལས་མི་རྙིང་པ་རྙིང་རྐྱང་ཞིག་རེད། “རྒན་རབས་པ”ཞིག་གི་ངོས་ནས་ཁོང་གིས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ལས་མི་གསར་པར་སྦ་གསང་སྤུ་ཙམ་ཡང་མེད་པར་ཤོད་ཀྱི་ཡོད་པ་དང་ཁྱོན་བསྡོམས“དགེ་ཕྲུག”སུམ་ཅུ་བཞི་བཅུ་ཙམ་ཁྲིད་ཡོད།
ན་ནིང་ཟླ་8པར། ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ནག་ཆུ་ཡན་ལག་ཀུང་སིར་ཏང་ཀྲི་པུའུ་བཙུགས་པ་དང་ལྷག་པ་ཏང་ཀྲི་པུའི་ཧྲུའུ་ཅིར་བསྐོས་པ་རེད། ཁོང་ལ་ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་བ་དང་། “གོམ་སྟབས་རྗེས་མར། ང་ཚོས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་དང་། ས་རྒྱུས་ལམ་རྒྱུས་ཆེ་བའི་མྱུར་སྐྱེལ་བའི་ལེགས་ཆ་བཏོན་ནས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ཀྱི་ཡིན”ཞེས་བརྗོད།