དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ངལ་རྩོལ་དང་གཟི་བརྗིད།

    ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས།   |     སྤེལ་དུས།  2025-05-01

    བྱ་བྲལ་དུས་ཀྱི་མཁའ་དབྱིངས་མཐོན་པོ་ན། །

    ཆེམ་ཆེམ་བཀྲ་བའི་ཐོ་རེངས་སྐར་ཆེན་ཉིད། །

    ལྷམ་ལྷམ་མངོན་དེ་གཞུང་ལམ་གང་ས་ཡི། །

    གཙང་སྦྲའི་གད་པར་འཛུམ་འཛུམ་རྣམ་འགྱུར་འདྲ། །


    སྦགས་བཙོག་ལྗན་ལྗིན་གང་དང་ཅི་ལ་ཡང་། །

    སྐྱུག་བྲོ་སུན་སྣང་འཛེམས་ཟོན་བྲལ་བ་ཡིས། །

    ཁོར་ཡུག་ཁམས་གཙང་རྩོལ་བས་བསྒྲུབས་བཞིན་པར། །

    དབུགས་ངལ་འཐེན་པའི་གད་པ་གཟི་བརྗིད་ལྡན། །


    དགུན་གསུམ་གྲང་ངར་སྤུ་གྲི་རྣོན་པོ་ཡིས། །

    ནོར་འཛིན་སྒེག་མོ་གཞུ་ལྟར་འཁུམས་གྱུར་ཀྱང་། །

    ལུས་ཁམས་འབིགས་པར་མི་ནུས་དཀའ་ཐུབ་ཅན། །

    འགན་འཁྲི་མི་གཡོལ་གད་པ་སྙིང་སྟོབས་ལྡན། །


    དྲོད་ཚད་དམའ་བའི་ཕྱི་རོལ་རླུང་ཤུགས་ཀྱིས། །

    མཐའ་འཁོར་ལྗོན་ཤིང་ཡམ་ཡོམ་བགྱིས་གྱུར་ཀྱང་། །

    ནང་སེམས་ངར་མ་གཙང་སྦྲའི་བཟོ་པ་ཚོའི། །

    གད་བདར་ཕྱཌ་མར་གཡོ་འགུལ་གཏོང་ནུས་མིན། །


    ཁ་བའི་ཟེགས་མས་ས་གཞི་ཁོད་སྙོམས་ཤིང་། །

    འབའ་འབུར་ཀོང་ཀོང་ལམ་བགྲོད་དཀའ་བའི་ཚེ། །

    གཙང་སྦྲའི་བཟོ་པས་ངལ་འཁང་གཉིས་བཟོད་ཀྱིས། །

    ལམ་ངོས་བྱི་དོར་བགྱིས་པར་བྲེལ་འཚུབ་འཚུབ། །


    རླུང་བུ་ལྡང་བས་ལྕང་མའི་འདབ་སྙིགས་དག །

    ཕྱོགས་བཞིར་གྲམ་པའི་གད་སྙིགས་ཇི་ལྟར་ཡང་། །

    སྐད་ཅིག་སྐད་ཅིག་ཉིད་དུ་འཕྱགས་པ་ཡི། །

    ཀུན་ལ་བདེ་སྣང་གཙང་སྦྲའི་བཟོ་པས་བྱིན། །


    དཔྱིད་དུས་ལྗོན་པའི་ཡལ་འདབ་རྒྱས་པའི་ཚེ། །

    ལྷུང་ལྷུང་ཤིང་རྩི་ཁ་འབུས་སྙིགས་རོ་བབས། །

    རྒྱ་ལམ་འགྲུལ་པས་ཁྲོ་བའི་སྣ་གཉེར་ཡང་། །

    གད་པས་དུས་ཐོག་འཕྱགས་ཏེ་ཁོང་ཁྲོ་མནན། །


    ཚ་དྲོད་རྒྱས་པའི་དབྱར་ཁའི་ཉིན་བྱེད་དེ། །

    འུར་འུར་མེ་ཟླུམ་འབར་དང་མཚུངས་པ་ཡིས། །

    གད་པ་རྣམས་ཀྱི་གདོང་མདོག་བསྒྱུར་གྱུར་ཀྱང་། །

    སྡུག་སྐད་མི་འཆོར་ལས་གནས་བརྟན་པོར་སྲུང་། །


    གནམ་གཤིས་འཕེལ་འགྲིབ་མང་བའི་མཁའ་ཀློང་ནས། །

    སིམ་སིམ་ཆར་གྱིས་ཕྱི་གོས་ཡོངས་བརླན་ཞིང་། །

    ནང་གོས་ངལ་བའི་རྔུལ་ཆུས་སྦགས་གྱུར་ཀྱང་། །

    ལག་ནས་ཕྱགས་མ་མི་གློད་གད་པ་བརྗིད། །


    རྫོགས་ལྡན་ནམ་ཟླའི་ལང་ཚོ་རྒུད་པའི་ཚེ། །

    ལྗོན་པས་འདབ་མའི་གོས་མདོག་འགྱུར་བ་དག །

    རང་དགར་ཕུད་དེ་ཁོར་ཡུག་འཛད་མ་ཐག །

    གད་པས་གཙང་སེལ་གང་སར་སྣུམ་ཐིང་ཐིང་། །


    ཡར་ཡར་ཡར་འགྲོ་སྟོང་དང་མར་འགྲོ་ཁྲི། །

    གཙང་སྦྲའི་བཟོ་པས་ཉིན་རེ་གཞུང་ལམ་ཐོག །

    གད་སྙིཌ་ཕྱགས་ཀྱིན་སྤོས་པའི་གོམ་པའི་གྲངས། །

    སྨྲ་བྱེད་འབུམ་ཚོས་བགྲང་ཡང་སླ་བ་མིན། །


    དཀར་དམར་མཛེས་འཆོས་སྤྲས་པའི་བཞིན་བཟང་མས། །

    གོས་བཟང་མནབས་ཏེ་མཛེས་པ་ཅི་ངོམས་ཀྱང་། །

    ལི་ཧང་མདོག་གི་ལས་གོས་གྱོན་པ་ཡི། །

    བུད་མེད་གད་པར་འགྲན་ཟླའི་སྤོབས་པ་དམན། །


    དམར་ཡག་སྟག་ལྟར་ལུས་ཤེད་རྒྱས་པ་ཡི། །

    སྐྱེས་པ་སྟོབས་ལྡན་གསུས་པ་འབུར་འབུར་ཚོས། །

    ལུས་ཤ་རིད་ཀྱང་ཁོག་གཅོང་དབེན་པ་ཡི། །

    སྐྱེས་པ་གད་པའི་ཁ་གཏད་གཅོག་མི་ཐུབ། །


    རང་ཁྱིམ་ཆུང་ངུའི་གཙང་སྦྲར་གཟབ་གྱུར་ཀྱང་། །

    ཐུན་མོང་ཁྱིམ་གཞིས་ཆེན་མོའི་ཁོར་ཡུག་ཀུན། །

    སྣང་མེད་སྦགས་བཙོག་བཟོས་ན་གད་པ་ཚོའི། །

    ངལ་རྩོལ་འབྲས་བུར་བརྩི་འཇོག་བྲལ་བའི་སྐྱོན། །


    ཅ་ཅོ་འུར་ཟིང་ཆེ་བའི་ལམ་ངོགས་ཀྱི། །

    འགྲུལ་བཞུད་སྐྱེ་བོ་ཕོ་མོ་རྒན་གཞོན་ཚོ། །

    ངལ་རྩོལ་གད་པར་མོས་གུས་བརྩི་འཇོག་གིས། །

    བཙོག་དངོས་རང་དགར་མ་དོར་ཐུཌ་ལ་ཞོག །


    རླངས་འཁོར་བང་ཁ་མྱུར་བའི་ཁ་ལོ་བས། །

    འཇམ་འཇམ་སྙོམས་པའི་སྣུམ་ནག་ལམ་གྱི་ཐོག །

    ཁ་ལོ་ནན་གྱིས་བསྒྱུར་ཏེ་གད་པ་ཚོར། །

    རྐྱེན་ངན་བར་ཆད་མེད་པའི་འགན་འཁུར་རོཌ། །


    ཁོར་ཡུག་གད་བདར་གཙང་སྦྲའི་ལས་གནས་དེར། །

    བློ་རྨོངས་འགའ་ཡིས་མཐོང་ཆུང་ཅི་བྱས་ཀྱང་། །

    ངལ་རྩོལ་གཟི་བརྗིད་ལྡན་པའི་བདག་པོ་སྟེ། །

    གཙང་སྦྲའི་བཟོ་པའི་སྤོབས་ཉམས་ཇི་ལྟར་གཅོག །


    རང་རང་ཁྱིམ་ཚང་ཆུང་ངུར་གཅེས་པ་བཞིན། །

    ཐུན་མོང་སྤྱི་ཚོགས་འཚོ་བའི་ཁོར་ཡུག་ཀུན། །

    ཉམས་སུ་དགའ་བར་སེམས་ནུས་བསྒྲིལ་བ་ཡི། །

    གཙང་སྦྲའི་བཟོ་པའི་སྟོབས་ཤུཌ་འཛད་མཐའ་དབེན། །


    པ་སངས་སྐར་མ་ནུབ་རི་བརྒལ་བའི་སྲོད། །

    ས་སྲོད་མུན་པས་འཇིག་རྟེན་བསྒྲིབས་གྱུར་ཀྱང་། །

    གློག་འོད་འོག་གི་ཤག་ཤག་ཕྱགས་མའི་སྒྲ། །

    གྲོང་ཁྱེར་གད་པའི་རྩོལ་བས་བསྒྲཌ་པ་ལགས། །


    གླ་ཕོགས་ཐོབ་ཆ་མཐོ་དམའ་ཇི་ལྟར་རུང་། །

    ལས་གནས་དམན་པར་བརྩི་མཁན་ཡོད་ཀྱང་རུང་། །

    བསམ་པ་རྣམ་དག་ལས་ལ་བརྩོན་པ་ཡི། །

    གཙང་སྦྲའི་བཟོ་པར་སྤྱི་དམངས་ཀུན་གྱིས་བསྟོད། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།