དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • “མིག་གི་མ་མཐོང་བ་ནི་ངའི་ཁྱད་ཆོས་ཡིན་པ་ལས་ཞན་ཆ་མ་ཡིན།”

    — — གཏམ་བཤད་པ་ཉི་མ་དབང་འདུས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-29

    ནག་ཆུ་གྲོང་ཁྱེར་སློབ་ཆུང་གཉིས་པའི་དགེ་སློབ་དང་ཁྱིམ་བདག་ཚོར་གཏམ་བཤད་སྤེལ་བཞིན་པ། 

    ཁོང་ནི་གཏམ་བཤད་མཁས་ཅན་ཞིག་དང་རྩོམ་པ་པོ། རི་འཛེག་དང་རྒྱུག་ཤར་གློད་རྒྱུར་དགའ་བའི་གཞོན་སྐྱེས་ཞིག་ཡིན་པ་ལས། “ལོང་བ”ཞིག་མ་ཡིན། གང་ལགས་ཤེ་ན། མིག་གི་མ་མཐོང་བ་ནི་ཁོང་གི་ཁྱད་ཆོས་ཡིན་པ་ལས་ཞན་ཆ་མ་ཡིན། དེ་བས་ཀྱང་ཁོང་གི་མི་ཚེའི་མཚོན་རྟགས་ཤིག་མ་ཡིན། མ་གཞི་ཁོང་ད་ལྟ་ཕོ་ལོ་སུམ་ཅུ་ཡོལ་ཙམ་གྱི་གཞོན་སྐྱེས་ཤིག་ཡིན་རུང་། ཁོང་གིས་བརྒྱུད་མྱོང་བའི་མི་ཚེའི་ལམ་བུ་དེ་དགའ་སྐྱོ་ཆགས་སྡང་གིས་ཕྱུག་ཅིང་གློག་བརྙན་ལས་ཀྱང་ངོ་མཚར་ཆེ། 

    གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱི་གྲོམ་མི་ཚོར་གཏམ་བཤད་སྤེལ་བཞིན་པ། 

    གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་། ལོ་གཅིག་གི་འཆར་གཞི་གྲུབ་མིན་དཔྱིད་ལ་རག་ལས་ཟེར་སྒྲོས་ཀྱི་ཤུགས་རྐྱེན་ཡིན་ནའང་འདྲ། གང་ལྟར་ཡང་དཔྱིད་ཀ་ནི་རེ་བས་ཕྱུག་པའི་ནམ་དུས་ཞིག་ཡིན་ཞིང་། སློབ་གྲྭ་དང་ལས་ཁུངས་ཁག་ནས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་མི་རྣམས་ལ་ཡར་སྐུལ་གྱི་སེམས་ཤུགས་ཤིག་སླེབས་པར་བྱེད་མུས་ལགས།  ཉི་མ་དབང་འདུས་ཀྱང་ལོ་རེའི་དཔྱིད་ཟླ་བཞི་པ་ལྟར་བྲེལ་འཚུབ་ཀྱིས་བོད་ཀྱི་ཡུལ་གྲུ་གང་སར་གཏམ་བཤད་སྤེལ་བར་འགྲོ་འགོ་ཚུགས། ཁོང་གིས་2025ལོའི་ཟླ་3པའི་ཚེས་19ཉིན་ནས་ཟླ་4པའི་ཚེས་30ཉིན་བར་ཁྱོན་གཏམ་བཤད་ཐེངས་བཞི་བཅུ་སྤེལ་བ་དང་། ལྷ་ས་དང་གཞིས་རྩེ། ཆབ་མདོ། ནག་ཆུ། ལྷོ་ཁ་སོགས་བོད་ཀྱི་གྲོང་ཁྱེར་དང་རྫོང་ཁག་གི་ལས་ཁུངས་དང་སློབ་གྲྭ་མི་འདྲ་བར་ཁོང་གི་སེམས་ཤུགས་དང་བློ་སྟོབས་ཀྱི་ས་བོན་འདེབས་ཡོད། མ་གཞི་གཏམ་བཤད་ཐེངས་མང་སྤེལ་དགོས་ཀྱང་ཁོང་གིས་སྤེལ་ཡུལ་མི་འདྲ་བར་གཞིགས་ནས་གཏམ་བཤད་ཀྱི་ནང་དོན་དང་རྣམ་པར་འགྱུར་བ་བཏང་བ། དཔེར་ན། གཞིས་རྩེའི་བཟང་བཟང་གྲོང་རྡལ་གྱི་གྲོང་མི་ཚོར་གཏམ་བཤད་སྤེལ་སྐབས་ཁོང་གིས་མི་ཚེའི་ཉམས་མྱོང་དང་འབྲེལ་ཁྱིམ་ཚང་སློབ་གསོའི་སྐོར་དཔེ་དང་ལྡན་པར་གསུངས། ཁོང་གིས་ཁྱིམ་ཚང་མི་རེ་ངོ་རེའི་བདེ་སྡུག་ནི་ཞི་བདེའི་བོད་ལྗོངས་བསྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པར་བསམ་ནས། གྲོང་མི་ཚོར་བདེ་སྐྱིད་ནི་དཀའ་སྡུག་མཇུག་སྒྲིལ་རྗེས་བྱུང་བ་ཞིག་མ་ཡིན་པར་དཀའ་སྡུག་དང་བདེ་སྐྱིད་མཉམ་གནས་ཡིན་པ་དང་། ང་ཚོས་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་བསྐྲུན་དགོས་པ་ལས། གནམ་ནས་ཤ་བག་ལེབ་ཟགས་རྒྱུར་སྒུག་ན་སྡུག་བསྔལ་ལས་བདེ་སྐྱིད་ཐོབ་མི་སྲིད་པར་བཤད། ཡང་ཁོང་གིས་སློབ་གྲྭ་མཐར་ཕྱིན་ནས་སྤྱི་ཚོགས་ཐོག་བསྐྱོད་ལ་ཉེ་བའི་བོད་ལྗོངས་ལག་ཤེས་སློབ་གླིང་གི་ལོ་རིམ་གསུམ་པའི་སློབ་བུ་ཚོར་རང་ཉིད་ཀྱི་ལས་ཞུགས་ལས་གཏོད་ཀྱི་མྱོང་བ་དང་རང་ཉིད་ཀྱིས་ལས་རིགས་དང་ལས་གནས་ཁག་ལ་འཛིན་པའི་ལྟ་བ་དང་བསམ་ཚུལ་གླེང་ནས་གང་ཐུབ་ཀྱིས་སློབ་མ་ཚོའི་དོགས་འདྲིར་གསལ་འགྲེལ་བྱས། གཞན་ཡང་ཟླ་1པོའི་ཚེས་7ཉིན་གྱི་དེང་རིའི་ས་ཡོམ་བརྒྱུད་མྱོང་བའི་དེང་རི་རྫོང་ཆུ་ལྷོ་ཤང་གཙོ་མཚོ་གྲོང་ཚོའི་གྲོང་མིར་གཏམ་བཤད་བྱ་སྐབས་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་མཉམ་དུ་སྤྱོད་ནས་འཚོ་བར་ཡིད་ཐང་མ་ཆད་པར་སྤྲོ་བ་དང་ལྡན་དགོས་པའི་སེམས་གསོ་བྱས་པ་སོགས་སྣོད་བསྟུན་གཏམ་བཤད་སྤེལ་གྱིན་ཡོད། ཟླ་4པའི་ཚེས་20ཉིན་གསར་འགོད་པར་ལྷ་སའི་གྲོང་བྱང་དཔེ་ཚོང་ཁང་ནས་ཁོང་གི་གཏམ་བཤད་ཉན་པའི་གོ་སྐབས་བྱུང་ཞིང་། དེ་ནི་དེ་ཉིན་གྱི་གཏམ་བཤད་ཐེངས་བཞི་ཡོད་པའི་ཐོག་མ་དེ་ཡིན་པ་དང་། སྔར་རྒྱུན་བཞིན་ཁོང་ཡོད་སར་དྲོ་སྐྱིད་དང་དགོད་སྒྲས་ཁེངས་བཞིན་དྲོལ་ཁོལ་གྱིས་བཀླུབས་པའི་ཉི་མ་དང་འདྲ་བར་མིང་དོན་མཚུངས་པར་གྱུར།

    བོད་ལྗོངས་ལག་ཤེས་སློབ་གླིང་གི་ལོ་རིམ་གསུམ་པའི་སློབ་མ་ཚོར་གཏམ་བཤད་སྤེལ་བཞིན་པ། 

    བྱིས་དུས་ཀྱི་ཉི་མ་དབང་འདུས་རང་བྱུང་ཁམས་ཀྱི་དབྱར་དགུན་སྟོན་དཔྱིད་ཆ་ཚང་གཅིག་ཀྱང་མྱོང་སྐལ་མ་བྱུང་བའི་གོང་རོལ་ན་ལས་དབང་ཕོ་ཉས་རྣམ་པ་འདྲ་མིན་གྱི་ལག་རྩེད་བརྩེས། ཁོང་འཇིག་རྟེན་དུ་སླེབས་པའི་ཟླ་གསུམ་པའི་ཉིན་ཞིག་ལ་རང་གི་སྙིང་ཉེ་བའི་ཕ་མ་སྤུན་མཆེད་དང་། ལྟ་ན་སྡུག་པའི་ཕ་ཡུལ་དཀར་རྫེས་ཁུལ་གྱི་མཛེས་ལྗོངས་སོགས་གང་ལ་ཡང་ལྟ་ཁོམས་མེད་པར་མིག་གཉིས་མ་འདོད་བཞིན་དུ་མ་རིག་པར་གྱུར། ཟླ་བཞི་རུ་སོན་སྐབས་ཨ་ཕ་ནད་ཀྱིས་མནར་ནས་ཚེ་ལས་འདས། དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་ཟླ་བ་བདུན་དུ་སླེབས་མཚམས་སུ། ཨ་མས་ཤ་ནས་བཅད་པའི་བུ་ཆུང་ཁོང་སྐྱུར་ནས་གཞན་ཡུལ་འགྲིམས་པར་ཕྱིན།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་སློབ་ཐོན་འཛིན་གྲྭའི་དགེ་སློབ་དང་ཁྱིམ་བདག་ཚོར་གཏམ་བཤད་སྤེལ་བཞིན་པ། 

    མ་གཞི་ཁོང་གི་མགོ་ཐོག་ཏུ་བབ་པའི་ལས་དབང་བཙན་པོ་དག་སྐྱོ་གར་ཞིག་དང་འདྲ་ལ། ཁོང་གི་ལས་ཀ་དང་འཚོ་བར་གདམ་ཀ་དེ་ཙམ་མེད་ཀྱང་། ཁོང་ནི་སེམས་བག་ཡངས་པའི་སྤྲོ་སྣང་རིང་ལུགས་པ་ཞིག་ཡིན་ཞིང་། མི་རྣམས་ལ་སྐྱོ་བ་སྤུ་ཙམ་ཡང་མ་སྟེར་བར་བརྒྱུད་མྱོང་བའི་ཀྱག་ཀྱོག་ལམ་བུའི་དཀའ་ཁག་དག་དགོད་བཞིན་དུ་མཉམ་སྤྱོད་བྱ་བཞིན་ང་ཚོར་ངང་ངམ་ཤུགས་ཀྱིས་སྟོམས་ཤུགས་ཤིག་སྦྱིན། ཕྱོགས་གཞན་ཞིག་ནས་བསམ་ན། དེ་རྣམས་སྤོ་རྨོ་གཉིས་ཀྱི་བརྩེ་བ་དང་ཁ་བྲལ་ཐབས་མེད། བྱམས་སྙིང་རྗེ་ལྡན་ཞིང་རྣམ་དཔྱོད་ཡངས་པའི་རྨོ་བོ་ལགས་ཀྱིས་འཚོ་བའི་འཁོས་ཀ་ཞན་ཡང་སྒོར་ཟུར་བདུན་གྱི་སྟབས་བདེའི་ཐུག་པ་ཉོས་ནས་དཔེ་ཆ་བློ་འཛིན་ཡག་པོ་ཐུབ་པར་སྐུལ་ལྕག་གནང་བ་སོགས། འདི་ལྟ་བུའི་ཡར་སྐུལ་གྱི་ཐབས་ལམ་བཟང་པོ་སྤྱད་པ་ནི་སློབ་གསོ་བ་མཁས་ཅན་ཞིག་དང་འདྲ། ཡང་དཔའ་ངར་ཆེ་ཞིང་འཚོ་བའི་ཉམས་མྱོང་གིས་ཕྱུག་པའི་སྤོ་བོ་ལགས་ཀྱིས་ཁོང་ལ་འཚོ་བ་དངོས་ནང་འཕྲད་པའི་དཀའ་ངལ་ཆེ་ཆུང་དག་སེལ་ཐབས་དང་། མི་གཞན་གྱི་བརྙས་བཅོས་མི་འཁུར་བ། རྟག་ཏུ་བློ་སྟོབས་དང་ལྡན་པ། གང་ནས་འགྱེལ་ཀྱང་དེ་ནས་ཡར་ལངས་དགོས་པའི་བསླབ་བྱ་གནང་གིན་ཡོད། དེ་ལྟར། རྒན་རྒོན་གཉིས་པོའི་ཞི་དྲག་ཟུང་འབྲེལ་གྱི་སློབ་གསོ་བརྒྱུད་ལོ་ན་ཕྲ་བའི་ཉི་མ་དབང་འདུས་འཚོ་བའི་རྩལ་ནུས་དངོས་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཐད་བློ་རིག་དང་ལྡན་པར་གྱུར།  དེས་ན་ནར་མ་སོན་པའི་ཉི་མ་དབང་འདུས་ཀྱི་སེམས་པའི་ཞིང་ཁམས་སུ་ས་བོན་འདེབས་པ་དང་མཚུངས་པར་དེ་རྣམས་མ་འོངས་མི་ཚེའི་ཤུལ་ལམ་རིང་མོའི་སྟེང་མྱུ་གུ་འཕེལ་ཞིང་ཡལ་འདབ་རྒྱས་པར་གྱུར། 

    ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཚོར་གཏམ་བཤད་སྤེལ་བཞིན་པ། 

    མདོར་ན་ཁོང་རང་ཉིད་ཀྱིས་བཤད་པ་བཞིན་ད་ཆ་དྲིན་ལན་གྱི་ཚུལ་དུ་རང་གི་མི་ཚེའི་གཏམ་རྒྱུད་འཁོད་པའི་རྒྱ་བོད་ཡིག་རིགས་དང་ལོང་ཡིག་ནས་པར་སྐྲུན་བྱས་པའི་《མ་རིག་པའི་མིག མུན་སེལ་གྱི་སེམས 》ཞེས་པའི་དཔེ་དེབ་འགྲེམས་སྤེལ་དང་རང་ནུས་གང་གཅོག་གིས་གཏམ་བཤད་ལ་བརྟེན་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་མཆིས། 

    ལྷ་སའི་གྲོང་བྱང་དཔེ་ཚོང་ཁང་དུ་གཏམ་བཤད་སྤེལ་བཞིན་པ། 

    གསར་འགོད་པ།  བདེ་སྐྱིད་བུ་ཁྲིད། ཕེང་ཅིང་།  བསྟན་འཛིན་མཚོ་རྒྱལ།  ལིའང་ཆིན།  ཀྲུའུ་ནན།  

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།