སོར་མོའི་རྩལ་ལས་ལག་ཤེས་མངོན། རྣམ་དག་བློ་ཡིས་རྒྱུན་འཛིན་བྱས།
ལྷ་ས་ཞང་བོད་སྒྱུ་རྩལ་སློབ་གླིང་གི་སློབ་མ་དྲི་མེད་གཡུང་དྲུང་གི་སློབ་ཐོན་མཛད་སྒོའི་སྐོར་བཀོད་པ།
ནམ་མཁའ་སྔོ་ཞིང་གཡའ་དག་ལ་ཕྱོགས་བཞིའི་རི་མགོར་ཁ་བའི་གོས་བཟང་བཀླུབས་པའི་ཉིན་ཞིག་ལ། ཉི་འོད་གྲོང་ཁྱེར་གྱིས་དཔྱིད་དཔལ་བཞད་པའི་རེས་གཟའ་སྤེན་པའི་ཉིན་མོ་གསར་པ་ཞིག་བསུས། དེ་ཡང་། ས་གཞི་ཡོངས་ལ་དྲོད་འཇམ་ཉི་འོད་ཀྱིས་དྲོད་ཁོལ་སྦྱིན་མཚམས་སུ། མི་ཚོགས་མཐུག་པོའི་ཁྲོད་ཞལ་ཐང་ཞིག་གིས་གསར་འགོད་པའི་མིག་ཟུང་གི་དབང་པོ་རང་དབང་མེད་པར་ཕྲོགས་ནས་དོགས་འཆར་གྱི་གནས་སུ་ལྷུངས་བ་སྟེ། ཡང་སྙིང་རང་མི་རིགས་ཀྱི་སྒྱུ་རྩལ་རྣམ་དཔྱོད་དང་བསམ་པའི་འཚོ་བ་མཚོན་པའི་ཞལ་ཐང་ཞིག་ལེགས་གྲུབ་ཡོང་བར་དུས་ཡུན་ཇི་ཙམ་འགོར་གྱི་ཡོད་དམ།
དེ་ཉིན་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་ཁུལ་གྱི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དུ་འཚོགས་པའི་ཞང་བོད་སྒྱུ་རྩལ་སློབ་གླིང་གི་སློབ་ཐོན་མཛད་སྒོར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་བོད་རང་སྐྱོང་ལྗོངས་ཐང་གའི་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་འཇིགས་མེད་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བློ་བཟང་བཀྲ་ཤིས། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་བརྟན་འཇིགས་མེད། ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་ཚེ་རིང་རྒྱལ་མཚན། བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭའི་སྐུ་ཚབ་པད་མ་བསམ་གཏན། ཞང་བོད་སྒྱུ་རྩལ་སློབ་གླིང་གི་སློབ་སྤྱི་ཁྲི་བཙན་རབ་བརྟན་སོགས་བོད་ཀྱི་བཟོ་རིག་པའི་གནས་ལ་ནང་བྱན་ཆུད་པའི་རིགས་གཅིག་མཁས་ཅན་རྣམས་དང་། མི་རིགས་ལག་ཤེས་སྒྱུ་རྩལ་ལ་དགའ་ཞིང་ཞེན་པ་དཀར་བ། ལྷག་པར་དུ་ཐང་གའི་སྒྱུ་རྩལ་ལ་དགའ་ཞིང་སྤྲོ་བས་བརྟས་པའི་སློབ་བུ་དང་ལྟད་མོ་བ་བརྒྱ་ལ་ཉེ་བ་མཛད་སྒོར་ཞུགས་ཡོད།
གསར་འགོད་པས་ཞལ་ཐང་གི་ཟུར་ཞིག་ནས་མངོན་གསལ་དེ་ཙམ་མེད་པའི“དྲི་མེད་གཡུང་དྲུང”ཟེར་བའི་མཚན་རྟགས་བཀོད་པ་མཐོང་བ་དང་སྦྲགས། བློ་ཡུལ་དུ་སླར་ཡང་ཐོག་མའི་དོགས་འདྲི་དེ་འཆར་ཞིང་མི་ཚོགས་ཁྲོད་དྲིས་ལན་འཚོལ་བར་ཕྱིན།
“གཤམ་ལ་ད་ཐེངས་ཀྱི་སློབ་ཐོན་སློབ་མ་དྲི་མེད་གཡུང་དྲུང་ལགས་ནས་ང་ཚོར་ཁོང་གི་ཉམས་མྱོང་མཉམ་སྤྱོད་གནང་རོགས་ཞུ་རྒྱུ་ཡིན” ཞེས་མཛད་སྒོའི་གཙོ་སྐྱོང་བའི་ངོ་སྤྲོད་དང་སྦྲགས། གཟུགས་སྟོབས་སྙོམས་ཞིང་བབ་ཆགས་ལ་ཕོ་ལོ་སོ་ལྔའི་གཡས་གཡོན་གྱི་ན་གཞོན་ཞིག་སྟོད་སྒུར་ཙམ་དང་མགོ་ལྕོག་ཙམ་བྱས་ནས་སྡིངས་ཆའི་ཕྱོགས་སུ་བསྐྱོད།
“ངའི་མིང་ལ་དྲི་མེད་གཡུང་དྲུང་ཟེར་གྱི་ཡོད། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཡིན། 2002ལོར་རང་ཉིད་བྱིས་དུས་ཀྱི་དགའ་ཕྱོགས་དང་བསམ་འདུན་བཞིན་རྒན་ཐར་པ་གཡུང་དྲུང་གི་སྐུ་མདུན་ནས་ཐང་གའི་རྨང་གཞི་སྦྱངས་པའི་གོ་སྐལ་ཐོབ་བྱུང་། 2006ལོར་རྒན་བམ་ཕུར་དང་སངས་རྒྱས་ཉི་མ་རྣམ་གཉིས་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ལ་སླར་ཡང་སྦྱངས་པ་གཏིང་ཟབ་བྱས་པ་ཡིན། 2015ལོར་ཞང་བོད་སྒྱུ་རྩལ་སློབ་གླིང་དུ་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་ཞིང་། རྒན་ཁྲི་བཙན་རབ་བརྟན་མཆོག་བསྟེན་ནས་གཙོ་བོ་ཞང་ཞུང་གི་རི་མོར་སྦྱངས་པ་བྱས་པ་དང་། ཞོར་དུ་སྨན་ཐང་ལུགས་ཀྱི་ཐང་གའི་བཞེངས་རྩལ་ཡང་སྦྱངས་པ་ཡིན། མདོར་ན། མི་ལོ་ཉི་ཤུ་ལྷག་རིང་ཐང་གའི་བཞེངས་རྩལ་དང་རིགས་པའི་གཞུང་ལུགས་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱངས་པ་ཡིན། ད་ལྟ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་ཡོད་པའི་ཞལ་ཐང་འདི་ནི་ངས་ལོ་བཅུ་ཡི་རིང་བརྩེ་བ་དང་ངང་རིང་གིས་བསྐྱངས་པའི་བུ་ཆུང་ཞིག་དང་ཡོངས་སུ་མཚུངས། བུ་ཆུང་འདི་འཚོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་དཀའ་བ་དུ་མ་འཕྲད་ཀྱང་བློས་གཏོང་བའི་བསམ་བློ་གཏན་ནས་འཁོར་མ་མྱོང་། དེ་བས་སློབ་གཉེར་ལམ་བུའི་ཐོག་དགེ་རྒན་དྲིན་ཅན་རྣམས་ཀྱིས་གནང་བའི་ཤ་ཚའི་བཀའ་སློབ་དག་བུ་ཆུང་གསོ་བའི་གདམ་ངག་ཏུ་སྒྱུར་ནས། ད་གཟོད་བུ་ཆུང་དེ་ཉིད་སྐྱོན་བྲལ་ངང་འཚར་ལོངས་ཐུབ་པ་བྱུང་སོང་། ཡང་སྒོས་སུ་དེ་རིང་གི་མཛད་སྒོ་དེ་བདེ་བླག་ངང་འཚོགས་ཐུབ་པར་འདིར་ཞུགས་བཤེས་གཉེན་ལྷན་རྒྱས་དང་ཆེད་མཁས་རྣམས་ལ་བཀའ་དྲིན་ཆེ་ཞུ”
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། བགྲང་བྱ་བཅུ་ཡི་རིང་སེམས་རྣལ་དུ་ཕབ་སྟེ་ལྷིང་འཇགས་དང་དད་སེམས་ཀྱི་རྒྱུན་བསྐྱངས་ནས་བརྩམས་ཆོས་འདི་ལྟ་བུ་ལེགས་གྲུབ་བྱུང་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན་སྲིད། བརྩམས་ཆོས་འདི་ནི་ལྷ་འབྲི་བ་ཞིག་གི་སོར་མོའི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་རེད་ལ། སེམས་གཏིང་ནས་མཚོན་འདོད་པའི་སྙིང་གཏམ་ཡང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལྟར་ཁོང་དང་ཁོང་འདྲ་བའི་མི་རིགས་རིག་གནས་ལ་དུང་ཞེན་ཆེ་བའི་ན་གཞོན་ལྷ་འབྲི་བ་ཚོས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་སྒྱུ་རྩལ་བརྩམས་ཆོས་སྤུས་དག་བཞེངས་ནས། ཀྲུང་ཧྭའི་རིག་གནས་བང་མཛོད་ཀྱི་མཆོག་ནོར་ཡིན་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་ལ་སེམས་ནུས་ཡོད་རྒུས་གཞོལ་བཞིན་ཡོད།
དེ་ཉིན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ངག་དབང་འཇིགས་མེད་ཀྱིས“སྒྱུ་རྩལ་བརྩམས་ཆོས་ཞིག་གི་ཡག་སྡུག་ནི་སྒྱུ་རྩལ་གྱི་རྣམ་པ་དང་ནང་དོན་གཉིས་ཀར་རག་ལས་ཡོད། སློབ་མ་དྲི་མེད་གཡུང་དྲུང་གི་བརྩམས་ཆོས་འདིར་དེ་གཉིས་ཀ་ཚང་ཞིང་། ལྟག་པར་དུ་ནང་དོན་ཐད་བོན་གྱི་རིག་གནས་དང་འབྲེལ་བའི་བརྩམས་ཆོས་ཕུལ་བྱུང་ཞིག་ཏུ་སྣང་། ཕྱིས་སུ་གཞོན་སྐྱེས་ཚོས་རིག་གནས་ཀྱི་རྩ་བ་སྔོག་འདོན་གང་ལེགས་བྱས་ནས་ལོ་ངོ་སྟོང་གི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་སྦྱིན་ཐུབ་རྒྱུའི་རེ་བ་ཡོད”ཅེས་གསུངས།
ཤ་ཚའི་ཁ་ལ་གཏམ་སྙན་མེད་ཟེར་བའི་དཔེ་ལྟར་སློབ་མའི་སྐྱོན་སེལ་ཐུབ་ན། དགེ་རྒན་བཟང་པོ་ཞིག་ཡིན་པའི་ལྟ་བ་བཞིན། ཁོང་གིས་ཆེད་ལས་ཀྱི་ཐོག་ནས་ཐོན་ཐང་འདིའི་དབུ་རྒྱན་ཅུང་ཆེ་དྲགས་པ་སོགས་པའི་སྐྱོན་ཆུང་འགའ་ཞིག་བཏོན་གནང་ནས་མ་འོངས་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་སྨོན་གནང་། གཞན་ཡང་། དེར་ཡོད་ཆེད་མཁས་རྣམ་པས་དྲི་མེད་གཡུང་དྲུང་གི་སློབ་ཐོན་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྨོན་འདུན་དང་། མ་འོངས་སྒྱུ་རྩལ་ལམ་བུའི་ཐོག་གཞུང་འཁྱོངས་གསར་འབྱེད་བྱས་ནས་སྲོལ་རྒྱུན་རིག་གནས་ལ་རང་ནུས་ཡོད་རྒུ་འདོན་རྒྱུའི་སྐུལ་མ་གནང་།
མཛད་སྒོ་མཇུག་བསྒྲིལ་རྗེས་ཐོན་ཐང་གི་མདུན་དུ་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་པར་རྒྱག་ཅིང་དེ་འདྲའི་ཕུལ་བྱུང་གི་བརྩམས་ཆོས་ལ་བསྔགས་བརྗོད་མེ་ཏོག་ཅི་དགར་གཏོར་བཞིན་མཆིས།