དཔེ་རྙིང་ཉམས་གསོའི་གལ་ཆེན་རང་བཞིན་སྐོར་གླེང་བ།
བོད་ཀྱི་དཔེ་རྙིང་ལ་མཚོན་ན། རིག་གནས་ཤུལ་བཞག་གི་རིན་ཐང་དང་ལོ་རྒྱུས་རྟོག་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་པས། ཉར་ཚགས་ཀྱི་ལས་ཀར་གཞོལ་ནས་མུ་མཐུད་ཚན་རིག་དང་མཐུན་པར་དཔེ་རྙིང་སྲུང་སྐྱོང་བྱེད་དགོས། དེ་དག་ཚུལ་མཐུན་གྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས་ན། ངེས་པར་དུ་དཔེ་རྙིང་སྲུང་སྐྱོང་གི་ལག་ལེན་དང་སྒྲིག་ཆས་སོགས་དགོས་པ་མ་ཟད། ད་དུང་དེ་འབྲེལ་གྱི་ཤེས་བྱ་དང་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ། ཉམས་གསོའི་བྱེད་ཐབས་དང་ཚད་གཞི་སོགས་བློ་ལ་ངེས་དགོས། འདིར་གུས་པས་དཔེ་རྙིང་ཉམས་གསོའི་རིན་ཐང་བརྗོད་པ་དང་སྦྲགས། ཉམས་གསོའི་ལག་ལེན་ཤེས་བྱ་དག་དོན་ཚན་གཉིས་སུ་ཕྱེ་སྟེ་ཅུང་ཟད་གླེང་བར་བྱ།
དང་པོ། དཔེ་རྙིང་ཉམས་གསོའི་གནས་སྟངས་དང་དེའི་རིན་ཐང་།
དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་དགོས་མཁོའི་དབང་གིས། རིག་གནས་ཤུལ་བཞག་ལ་རྒྱལ་ཁབ་ནས་ཉམས་གསོ་དང་དར་སྤེལ་ལ་སྐུལ་འདེད་དང་རྒྱབ་སྐྱོར་བླ་མེད་བྱེད་བཞིན་ཡོད་ཅིང་། སྔོན་ཆད་བོད་ཀྱི་དཔེ་རྙིང་མང་པོ་ཞིག་ཉར་ཚགས་བྱེད་ས་གཙོ་བོ་དགོན་སྡེ་ཁག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྔ་ཕྱིར་བོད་ལྗོངས་ཡིག་ཚགས་ཁང་དང་། བོད་ལྗོངས་དཔེ་མཛོད་ཁང་། བོད་ལྗོངས་སློབ་ཆེན། ཞིང་ལྗོངས་ལྔའི་རྟེན་མཛོད་ཁང་སོགས་ལའང་གནའ་དཔེ་ཉར་ཚགས་དང་ཉམས་གསོའི་འགོ་ཚུགས། ད་ལྟ་བོད་རིགས་ས་ཁུལ་གྱི་ས་གནས་སོ་སོས་དཔེ་རྙིང་འཚོལ་བསྡུ་དང་ཉམས་གསོར་ནུས་ཤུགས་ཡོད་རྒུ་འདོན་བཞིན་འདུག ཡིན་ཡང་གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་བྱེད་ས་གཙོ་བོ་ནི་སྔར་བཞིན་ས་གནས་དེ་གའི་སྲིད་གཞུང་དང་དགོན་སྡེ་ཁག་ཡིན་ཏེ། ཉར་ཚགས་ཀྱི་ཐད་ནས་སྲོལ་རྒྱུན་གྱི་ཐུམ་སྒྲིལ་ཉར་ཚགས་ཀྱི་ཁྱད་ཆོས་ལྡན་ཡང་དཔེ་རྙིང་མི་ཉུང་བའི་ཤོག་བུ་སོབ་སོབ་ཆགས་པ། རལ་བ། འབུས་ཟ་བ། རུལ་སླད་ཐེབས་པ་སོགས་ཀྱི་གནས་ཚུལ་ཡང་ཡོད། དེས་མ་ཚད་ཉར་ཚགས་བྱེད་པའི་དཔེ་རྙིང་གི་དཔེ་རས་ཀྱི་སྤུས་ཀ་ཞན་པ་དང་། ཉར་ཚགས་བྱེད་སའི་ཁང་པར་ཐིགས་པ་རྒྱག་པ། རླུང་འགྲོ་ཡག་པོ་མེད་ཅིང་བརླན་གཤེར་ཆེ་བ་སོགས་ལ་དམིགས་ཏེ། སྲིད་གཞུང་སོགས་ལས་རིགས་ཁག་གིས་དཔེ་རྙིང་སྲུང་སྐྱོང་དང་ཉར་ཚགས་ལ་གྲོན་དངུལ་བཏང་ནས་འབད་བརྩོན་བྱེད་བཞིན་ཡོད།
དཔེ་རྙིང་ཉམས་གསོ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རྩ་ཆེའི་རིག་གནས་མ་ཉམས་གོང་འཕེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། སྔོན་བྱོན་མེས་པོ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་བསྒྱུར་པ་དང་བརྩམས་པའི་རིག་གནས་རྩ་ཆེན་དག་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་ལ་ཕན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེ་ཡང་ཕྱོགས་དྲུག་གི་ལམ་ནས་བརྗོད་པར་བྱ་སྟེ། གཅིག་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཕན། དཔེ་རྙིང་ནི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་དང་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་ཡིན་པ་དང་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད། དཔེ་རྙིང་ཚད་ལྡན་དེ་དག་ཉམས་གསོ་དང་སྲུང་སྐྱོང་བྱས་ཚེ་མིའི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་ཕན་ཐོགས་ཡོད། གཉིས་ནས་དཔེ་རྙིང་གི་སྔར་གྱི་རྣམ་པ་སླར་གསོ་བྱེད་ཐུབ། དུས་ཡུན་རིང་པོར་ཉར་ཚགས་དང་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ནང་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་དཔེར་ན་འབུས་བཟས་པ་དང་། ཆུས་བརླན་པ། ལྟེབ་བརྩེགས་ཐེབས་པ། སྦགས་བཙོག་སོགས་ཀྱིས་དཔེ་རྙིང་གི་ཕྱི་ངོས་དང་ནང་དོན་ལ་གནོད་སྐྱོན་ཐེབས་ཡོད། དཔེ་རྙིང་གི་ཐོག་མའི་རྣམ་པ་སླར་གསོ་ཐུབ་ན་མི་རྣམས་ཀྱིས་གནའ་དཔེ་མྱོང་རོལ་དང་ཞིབ་འཇུག་དེ་བས་ལེགས་པོ་བྱེད་ཐུབ། གསུམ་ནས་དཔེ་རྙིང་གི་རིན་ཐང་སྲུང་སྐྱོང་བྱེད་ཐུབ། དཔེ་རྙིང་གི་རིན་ཐང་ནི་དེའི་རིག་གནས་དང་། ལོ་རྒྱུས། རིག་གཞུང་བཅས་ཀྱི་རིན་ཐང་ལ་ཐུག་ཡོད་པ་མ་ཟད། དོན་དངོས་ཀྱི་དངོས་པོའི་རིན་ཐང་ཡང་ཚུད་ཡོད། དཔེ་རྙིང་ཉམས་གསོ་དང་སྲུང་སྐྱོང་བྱས་རྗེས་དེའི་དངོས་པོའི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་ཐུབ། བཞི་ནས་རིག་གཞུང་ཞིབ་འཇུག་ལ་སྐུལ་འདེད་གཏོང་ཐུབ། དཔེ་རྙིང་ནི་རིག་གཞུང་ཞིབ་འཇུག་གི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས་ཉམས་གསོ་བྱས་ན་དེ་ཉར་ཚགས་དང་བེད་སྤྱོད་སྔར་ལས་ལེགས་པ་ཐུབ་ནས་རིག་གཞུང་ཞིབ་འཇུག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ། ལྔ་ནས་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན་བྱེད་ཐུབ། དཔེ་རྙིང་ནང་ཕུན་སུམ་ཚོགས་པའི་རིག་གནས་དང་ལོ་རྒྱུས་ཀྱི་སྙིང་བཅུད་འདུས་ཡོད་པས་ཉམས་གསོ་དང་སྲུང་སྐྱོང་བྱས་ཚེ་སྙིང་བཅུད་དེ་དག་རྒྱུན་འཛིན་བྱེད་ཐུབ། དྲུག་ནས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྲུང་སྐྱོང་བྱེད་ཐུབ། དཔེ་རྙིང་ནང་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་རིག་གནས་དང་ལོ་རྒྱུས་བཀོད་ཡོད་པས་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དཔེ་རྙིང་ཉམས་གསོ་དང་སྲུང་སྐྱོང་བྱས་ཚེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ཡོད།
གཉིས་པ། དཔེ་རྙིང་ཉམས་གསོའི་ཐབས་ལམ་དང་ལག་ལེན།
དཔེ་རྙིང་གི་གལ་ཆེའི་རང་བཞིན་རྟོགས་པའི་རྨང་གཞིའི་ཐོག་དེ་བསྟུན་སྲུང་སྐྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། གཤམ་དུ་དཔེ་རྙིང་ཉམས་གསོའི་སྒྲིག་ཆས་སམ་ཡོ་བྱད་ངོས་འཛིན་དང་དེའི་བེད་སྤྱོད་ཀྱི་གོ་རིམ་སྐོར་ནས་རྒྱུས་ལོན་བྱེད་དགོས་ཏེ། སྐྱོ་ཤད་(棕刷)དང་ཏ་ལ་ཤད་(浆刷)བཀོལ་ནས་ཤོག་གྲངས་གཉིས་མཉམ་དུ་སྦྱོར་དགོས་ལ། དེ་གཉིས་ཀྱི་ངོས་འཇམ་པོ་ཕྱི་ངོ་དང་རྩུབ་མོ་ནང་ངོ་བྱས་ནས་ཁ་སྤྲོད་སྦྱོར་དགོས་པ་དང་། དམིགས་ཡུལ་ནི་ཏ་ལ་ཤད་དང་སྐྱོ་ཤད་བཀོལ་ནས་བོད་ཤོག་སྟེང་སྐྱོ་མ་བྱུགས་ཤེས་དགོས། དེའི་འཕྲོར་ཤོག་བུའི་སྣེ་གཅིག་ནས་འགོ་བཟུང་སྟེང་ཤོག་བུ་མང་པོ་མཉམ་དུ་ཞེང་ཚད་འདྲ་མཚུངས་གཏུབ་པ་དང་། དམིགས་ཡུལ་ནི་ཞེང་ཚད་འདྲ་ལ་གཞོག་གྲི་བཀོལ་ནས་ཤོག་བུ་བརྩེགས་མ་མང་པོ་འདྲ་གཏུབ་ཡག་པོ་བྱེད་པའི་ལག་རྩལ་སྦྱངས་ཆེད་ཡིན། དེ་ནས་དཔེ་ཆ་བཟོ་སྟངས་ཏེ། དཔེ་ཆ་མགོ་བཙེམས་མ་བཟོ་དུས། ཆེ་ཆུང་མཉམ་པའི་བོད་ཤོག་མང་པོ་རེ་རེ་བཞིན་དཀྱིལ་ནས་ལྟེབ་དགོས། དེ་ནས་དེ་དག་མཉམ་དུ་བསྡེབས་ནས་དེབ་ཀྱི་ཕྱོགས་བཞི་མཉམ་པོ་བྱེད་པ་དང་། ལྟེབ་ལྕག་བྱེད་པའི་སྣེ་གཞན་པ་དེ་ནས་འབིགས་བཀོལ་ནས་བུ་ག་གཏོད་དགོས་ལ། བུ་གའི་བར་ཐག་ཀྱང་ཚད་གཞི་ལྟར་ཡིན་དགོས། དེ་ནས་ཁབ་སྐུད་བཀོལ་ནས་བཙེམ་དགོས། དམིགས་ཡུལ་ནི་དཔེ་ཆ་བཟོ་བའི་བརྒྱུད་རིམ་ལ་སོ་སོའི་ཁྱད་ཆོས་ཡོད་པ་མ་ཟད། དེ་དག་གི་གོ་རིམ་མ་ནོར་བར་བྱེད་ཆེད་རེད། ལྷག་ཏུ་དཔེ་ཆ་མགོ་བཙེམས་མ་བཟོ་བའི་ཡོ་བྱད་དེ་དག་གི་སྤྱོད་སྟངས་བློ་ལ་ངེས་པར་བྱ་དགོས། གཞན་དཔེ་ཤིང་མ་དཔེ་ཞིག་སྤྱད་ནས་དཔར་དུ་འདེབས་རྒྱུ་དེ་ཡིན། དཔེ་ཤིང་གཙང་བཟོ་དང་། སྣག་ཚ་སྡེབ་སྟངས། དཔར་དུ་རྒྱག་སྟངས་ངོས་འཛིན་བྱེད་པ། དམིགས་ཡུལ་ནི་དཔར་འདེབས་ལག་རྩལ་གྱི་ཡོ་བྱད་ངོས་འཛིན་དང་པར་རྒྱག་དུས་ངེས་པར་དུ་དཔར་ངོས་སྐམ་པོ་བཟོས་རྗེས་ལེན་དགོས་པ་དང་། ཤོག་བུའི་མཐའ་དང་ངོས་གཙང་མ་ཡོང་བར་བྱེད་པའི་ལག་རྩལ་སྦྱོང་བ། དེ་ནས་མ་ཡིག་ཤོག་བུའི་ཆད་སྐྱོན་ཉམས་གསོ(གསབ་རེས)བྱེད་པ་སྟེ། མ་དཔེ་ཤོག་བུ་དེའི་སྟེང་གཙང་སེལ་བྱེད་པ། མི་གཙང་བའི་དངོས་པོ་འབྲད་དུས་ཤུགས་ཆེ་མི་རུང་ལ། ལྟེབ་ཆགས་མེད་པར་བཟོ་དུས་ཆུ་ཉུང་ཙམ་གཏོར་བ། གསབ་ཤོག་འདེམ་སྐབས་མ་ཡིག་གི་ཤོག་གྲངས་ལ་ཚད་གཞི་ཅི་འདྲ་ཞིག་དགོས་པ་སྔ་མོ་ནས་རྒྱུའི་ནང་ལྟ་དགོས་ལ། གསབ་ཤོག་ཆེ་ཆུང་ཚད་ལྡན་ཡིན་དགོས། དམིགས་ཡུལ་ནི་མ་ཡིག་ཤོག་ངོས་གཙང་སེལ་བརྒྱུད་རིམ་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་དང་། གསབ་ཤོག་གང་དེ་སྤྱན་གོར་གཡས་གཡོན་གྱི་རིང་ཐུང་ཚད་འཇལ་སྒོས་གསབ་ཤོག་གི་ཆེ་ཆུང་ཐོད་གཏུག་དགོས། གསབ་ཤོག་ཁ་འབྱེད་རྒྱུ་མང་མི་ཉན་པ་དང་སྐྱོ་མ་བྱུགས་དུས་ལྟེབ་ཆགས་མི་ཡོང་བར་བྱ་དགོས་པ་དེ་ཡིན།
མདོར་ན། དཔེ་རྙིང་ཉམས་གསོའི་ལག་རྩལ་ནི་རང་རེའི་བོད་ལ་ངེས་པར་དུ་དར་སྤེལ་གཏོང་དགོས་པ་དང་རྩ་ཆེའི་དཔེ་རྙིང་གི་རིན་ཐང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གཅོད་པ་བཀྲ་ཤིས)