དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔེ་ཀློག་ལ་བསྔགས་པ།

    —— འཛམ་གླིང་དཔེ་ཀློག་དུས་ཆེན་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྟ་ནག་འགྱུར་མེད་རྡོ་རྗེ།   |     སྤེལ་དུས།  2025-04-23

    རྒྱུན་དུ་ང་ཚོ་མི་ཕལ་ཆེ་བ་དཔེ་དེབ་ཀློག་པའི་རིན་ཐང་དང་གནས་ལུགས་ཤེས་པར་འདོད་མོད་ཀྱང་ལག་ལེན་གྱི་འཇུག་པ་ཞན། ཁོ་བོས་བལྟས་ན། དེ་ནི་དོན་ངོ་མར་དཔེ་དེབ་ཀློག་པའི་རིན་ཐང་ལ་ངེས་ཤེས་གཏིང་ཟབ་མ་སྐྱེས་པས་ལན་ལ། དཔེ་དེབ་ཀློག་པ་ཙམ་ལས་ཞིབ་ཚགས་དང་དམིགས་ཡུལ་ཡོད་པའི་སྒོ་ནས་མ་བཀླགས་པས་ལན། གལ་ཏེ་ཆ་རྐྱེན་དེ་གཉིས་ཀ་ཚང་བཞིན་དུ་ད་དུང་དཔེ་ཀློག་གི་སྤྲོ་སྣང་མི་འཕེལ་ན། དེ་ནི་ཁྱེད་ཀྱི་གོམས་གཤིས་ཉམས་ཆུང་བས་ལན་པ་ཡིན་ངེས།

    དཔེ་དེབ་ནི་ཅི་འདྲ་ཞེ་ན། འཇིག་རྟེན་འཁོར་བའི་སྐྱེ་འཕེལ་འཇིག་གསུམ་གྱི་འགྱུར་བག་གསལ་བའི་ལོ་རྒྱུས་ཀྱི་མེ་ལོང་འདི་ན་གསལ་ལ། སྤྲིན་གྱི་རྒྱ་མཚོ་ངལ་བས་བརྒལ་བའི་རྣམ་དཔྱོད་ཀྱི་རྒོད་པོ་དེ་ན་ལྡིང་ཞིང་སྦྱངས་པའི་རྩལ་ལས་ཐོན་པའི་ཐབས་ཤེས་ཀྱི་གཤོག་རྩལ་དེ་རུ་ངོམ། སྐྱིད་ལ་སྡུག་པའི་མི་ཚེའི་ནང་དུ་ཚ་གྲང་གྲངས་མེད་སེམས་ཀྱིས་མྱངས་ནས་མངར་སྐྱུར་གང་ཡིན་བྲོ་བ་སྟོན་པའི་ཉམས་མྱོང་གཏམ་གྱི་རོ་བཅུད་དེ་ན་འདུས་ལ། དམིགས་གཏད་མེད་པར་སྨག་རུམ་མུན་པའི་ཡུལ་ལ་ངལ་བའི་ལག་པ་ཉུལ་ནས་འགྲོ་དུས་འབྱུང་འགྱུར་ལམ་བུ་གསལ་ལེར་སྟོན་པའི་ལམ་སྟོན་སྒྲོན་མེའི་འོད་ཟེར་དེ་ན་འཚེར། ལེགས་ཉེས་ཡག་སྡུག་མྱོང་བས་གྲུབ་ཅིང་སྤང་བླང་འཛོལ་མེད་རིག་པས་སྐྱོང་བའི་བདེན་ལུགས་གཏམ་གྱི་ལེགས་བཤད་བསྟན་བཅོས་དེ་ན་མཚར་ལ། གྲངས་མེད་མཁས་པའི་དཔྱད་བསྡུར་མྱོང་གསུམ་ལས་འཁྲུངས་པའི་སྣ་མང་ངོ་མཚར་གྱི་རིག་གཞུང་དེ་ན་གནས། མདོར་ན། སྣ་ཚོགས་གཙུག་ལག་ཕྲེང་བའི་དཔེ་ཚོགས་རྣམ་པར་བཀྲ་བ་ནི། ཕྱི་ནང་དབྱེར་མེད་ཀྱི་གྲངས་མེད་སྐྱེས་ཆེན་ཚོའི་དཀའ་སྤྱད་སྙིང་རུས་ཀྱི་བློ་བོགས་དང་རྨད་བྱུང་འཕྲིན་ལས་ཀྱི་བཞུར་རྒྱུན་ལགས་སོ།།

    དེ་ལྟ་བས་ན། མི་ཚེའི་ལམ་བུར་དཀའ་བ་སྟོང་དང་སྐྱོ་བ་ཁྲི་ཡིས་མནར་སྐབས་དཔེ་ཀློག་གིས་གེགས་སེལ་གྱི་ཐབས་དང་བདེ་སྐྱིད་ཀྱི་མན་ངག་འབྱིན་པས། དཔེ་ཀློག་ནི་མེད་དུ་མི་རུང་བའི་འཚོ་གནས་ཀྱི་ཐབས་ཤེས་ཡིན། དཔེ་དེབ་ཅིག་ཉོས་པའི་ཚེ་ན་ཕར་སྤྲད་པ་ནི་ཤོག་བུའི་རིན་ཙམ་ལས་མེད་རུང་། ཚུར་ཐོབ་པ་ནི་སྐྱེས་བུའི་རྣམ་དཔྱོད་ཀྱི་བདུད་རྩི་ཡིན། བདུད་རྩི་དེ་འཐུང་བའི་ཚེ་ན་རྒྱུ་དངོས་པོ་བཞིན་དུ་ཟད་རྒྱུ་དང་བརླག་རྒྱུ་མེད་པར། བག་ཆགས་ཀྱི་གཏིང་རུམ་ན་གནས་པའི་ཚེ་གང་གི་ནོར་བུ་ཞིག་སྟེ། དེ་ཡང་ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། ། རྐུན་པོ་ལ་སོཌ་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །ཞེས་པ་བཞིན་ནོ། །འཛམ་གླིང་ན་སྙན་པའི་གྲགས་པ་འབར་བའི་རླབས་ཆེན་གྱི་ཡཱ་གུ་དཱ་པའི་མི་རིགས་དེ་ཁོ་ན་ལས་ཀྱང་སྐྱེས་ཆེན་སྐར་ཚོགས་བཞིན་འཁྲུངས་ཡོང་བའི་གྲུབ་འབྲས་དེ་མཐར་གཏུགས་ན། སློབ་གསོ་དཔེ་ཀློག་གིས་བསྐྱངས་པའི་རྒྱུ་རྐྱེན་ཉིད་ལ་རག་ལུས་པས། མི་རིགས་གཞན་གྱི་མིག་ལྟོས་སུ་སྣང་ན། དཔེ་ཀློག་བྱེད་ཐེངས་རེ་རེ་ནི་འཚར་ལོངས་འབྱུང་ཐེངས་རེ་རེ་དང་། མི་ལུས་རིན་ཆེན་གྱི་པད་མཚོ་ལ་དོན་ལྡན་གྱི་མྱུ་གུ་འབུས་ཐེངས་རེ་རེ་ཡིན། སྐྱེ་བོ་སུ་ཞིག་གིས་དཔེ་ཀློག་ལ་ཞེན་ཅིང་དཔེ་ཀློག་ལ་གོམས་ཚེ། དཔེ་དེབ་ནི་ཁོ་པའི་ལམ་སྟོན་གྱི་བཤེས་གཉེན་དང་བསླུ་མེད་ཀྱི་གྲོཌ་བཟང་ཡིན། དེ་བསྟེན་ཚེ། ཁྱེད་ཉིད་འཕྲལ་ཕུགས་ཀྱི་བྱ་བའི་ལས་ལ་བསམ་གཞིག་གི་འཇུག་པ་ཡངས་པོས་དུས་གསུམ་ལ་ཕྱིར་འདང་ལྡན་པ་རྟ་ཕོ་ཆུ་འཐུང་སྐབས་ཀྱི་སྔ་ལྟ་དང་ཕྱི་ལྟ་ལྡན་པ་ཞིག་འོང་ལ། མ་བརྟག་གྱ་ཚོམ་གྱི་ལམ་ནས་ལྡོག་སྟེ“ཤེས་རབ་ལ་ཡིད་ཆེས་པ་ནི་དད་པ་ཀུན་གྱི་མཆོག”ཡིན་པའི་ངེས་ཤེས་སྐྱེས་འོང་། དེ་བས་བརྩོན་འགྲུས་ཀྱི་སྐྱ་བ་བསྣམས་ཏེ་ཤེས་རིག་པད་མཚོར་བགྲོད་ཚེ། གང་འདོད་ཡོན་ཏན་ཕུན་ཚོགས་མཚོ་མོའི་ནང་རྙེད་ལ། ཁྱེད་ཀྱི་ལག་སོར་ལྷ་ཡིས་ཁ་ལོ་སྒྱུར་བ་ལྟ་བུའི་ནུས་པ་ཐོན་ཏེ། མི་ཚེའི་ལམ་བུར་གཞན་ལ་སྨན་པའི་བརྩམས་ཆོས་ཀྱི་ལག་རྗེས་འཇོག་ཐུབ་པ་ཞིག་དང་། མཁས་པ་དགྱེས་པའི་རྒྱན་དང་འགྲོ་ལ་སྨན་པར་ཀུན་དགའི་དཔྱིད་འཇོ་བ་ཞིག་འོང་། ཀློག་པ་པོ་ལགས། འཇིག་རྟེན་རྒུད་པའི་རྩ་བ་རྨོངས་པར་ཐུག་ན། དཔེ་དེབ་ནི་རྨོངས་སེལ་གྱི་སྒྲོན་མེ་འབའ་ཞིག་དེ་ལགས་སོ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།