དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ལོ་ཙཱའི་ཁྲོད་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་སྤྱོད་པའི་དགེ་སྐྱོན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས་དབང་འདུས། བསོད་ནམས་མཚོ་མོ།   |     སྤེལ་དུས།  2025-04-22

    དུས་རབས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་འགྲོས་དང་བསྟུན་ནས་དེང་གི་འཚོ་བའི་ནང་མི་རྣམས་ཀྱིས་ཆ་འཕྲིན་ཤེས་རྟོགས་དང་བརྒྱུད་སྤེལ་བྱེད་ཐབས་ལ་རིམ་བཞིན་འགྱུར་བ་འགྲོ་ཡི་ཡོད། དེར་བརྟེན་ཆ་འཕྲིན་གྱི་མྱུར་ཚད་དང་། གྲངས་ཚད། སྤུད་ཚད་སོགས་ལ་སྔོན་མ་དང་མི་འདྲ་བར་རེ་བ་མཐོ་པོ་ཡོད་པས། ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན་ལ་སོགས་པའི་སྲོལ་རྒྱུན་གྱི་སྨྱན་སྦྱོར་ཚན་པས་ཀྱང་དུས་དང་བསྟུན་ནས་སྒྱུར་བཅོས་སྣ་ཚོགས་བྱས་ཏེ། དེང་རབས་ཀྱི་དགོས་མཁོ་དང་འཚམ་པའི་སྨྱན་སྦྱོར་གསར་པའི་སྟེགས་བུ་གཅིག་རྗེས་གཉིས་མཐུད་ངང་གཉེར་འགོ་ཚུགས་བཞིན་ཡོད། ལྷག་པར་དུ་དེང་གི་དུས་སུ་ཚན་རིག་ལག་རྩལ་ཉིན་རེ་ལས་མ་འདས་པར་ཞིབ་ཚགས་སུ་ཕྱིན་ནས་མི་རྣམས་ཀྱི་ལས་ཀ་དང་འཚོ་བའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཏེ་དེ་བས་མང་བའི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པར་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་ནུས་པ་ཆེན་པོ་འདོན་བཞིན་ཡོད།

    མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་མི་དང་འཕྲུལ་ཆས་བར་གྱི་སྐད་བརྡ་མི་འཕྲོད་པའི་བཀག་རྒྱ་སེལ་བར་བྱས་ཏེ་རང་གི་རིག་གནས་ཕར་བསྒྱུར་བ་དང་མི་རིགས་གཞན་གྱི་རིག་གནས་ཚུར་བསྒྱུར་བ། རིགས་གཞུང་ཕན་ཚུན་སྤེལ་རེས་བྱེད་པ་སོགས་སྐད་ཡིག་ཞབས་ཞུའི་ཁྱབ་ཁུངས་སུ་ནུས་པ་འདོན་བཞིན་ཡོད་པས། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་དེ་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་ཐུབ་པ་དང་ལྷག་པར་དུ་འཕྲུལ་ཆས་ཀྱིས་ལོ་ཙཱ་བྱེད་པ་དེ་རྒྱ་བོད་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་ཐུབ་པ་ནི་དུས་རབས་འདིས་ང་ཚོ་རྒྱ་བོད་གསར་འགྱུར་ལོ་ཙཱ་བར་གནང་བའི་དངོས་གྲུབ་ཞིག་ཡིན་ལ། རྒྱ་བོད་གསར་འགྱུར་ལོ་ཙཱའི་ལས་དོན་འདིར་གོ་སྐབས་གསར་པ་ཞིག་སྦྱིན་པ་དང་སྦྲགས་འགྲན་སློང་གསར་པ་ཡང་འཕྲད་བཞིན་ཡོད་པས། གཤམ་ལ་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་དུས་རྒྱུན་གྱི་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་པའི་དགེ་མཚན་དང་སྐྱོན་ཆ་འགའ་རགས་ཙམ་གླེང་བར་བྱའོ།

    དང་པོ། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་རྒྱ་བོད་གསར་འགྱུར་ལོ་ཙཱར་སྤྱོད་པའི་དགེ་མཚན།

    གཅིག མྱུར་ཚད་མགྱོགས་ཤིང་ལས་ཆོད་ཆེ་བ།

    མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་ལག་རྩལ་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་དེ་འདྲ་ཐོབ་དོན་ཡང་ལག་རྩལ་དེར་མྱུར་ཚད་མགྱོགས་ཤིང་ལས་ཆོད་ཆེ་བའི་ཁྱད་ཆོས་ལྡན་ཡོད། རྒྱ་བོད་གསར་འགྱུར་ལོ་ཙཱ་བས་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་ལག་རྩལ་དེ་འཕྲལ་དུ་དང་ལེན་བྱེད་དོན་ཡང་ཁྱད་ཆོས་དེར་ཐུག་ཡོད། ལོ་ཙཱའི་བྱ་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། མི་རྣམས་ཀྱིས་ཀྱང་ལོ་ཙཱ་བ་རྣམས་འཛམ་གླིང་དུ་ལྟ་བའི་མིག་དང་མཚུངས་པར“འཇིག་རྟེན་མིག”ཅེས་བསྔགས་བརྗོད་བྱེད་བཞིན་ཡོད། རྒྱ་བོད་གསར་འགྱུར་ལོ་ཙཱ་བས་ཀྱང་ཉིན་ལྟར་འཕྲལ་དུ་གསར་འགྱུར་ལོ་ཙཱ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། ཁྲིམས་ལུགས་ཁྲིམས་སྲོལ། སྤྱི་ཚོགས་ཐོག་གི་གནས་ཚུལ་གསར་ཤོས་རྣམས་གསར་འགྱུར་སྨྱན་སྦྱོར་སྣ་ཚོགས་ཐོག་ནས་ཤེས་རྟོགས་བྱེད་བཞིན་ཡོད། ལྷག་པར་དུ་དེང་གི་དུས་སུ་སྨྱན་སྦྱོར་གསར་པར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཆ་འཕྲིན་གྱི་དགོས་མཁོ་ཡང་ཇེ་ཆེར་ཕྱིན་ནས། སྔོན་མ་དང་མི་འདྲ་བར་སྲོལ་རྒྱུན་གྱི་གསར་འགྱུར་ཙམ་མིན་པར། ལག་ཐོགས་ཁ་པར་ནང་གི་སྐད་འཕྲིན་དང་གསར་འགྱུར་དུད་སྣེ་སོགས་དྲ་ཐོག་གི་ཆ་འཕྲིན་ཙམ་མ་ཟད། འཁྱུག་དབྱིངས་དང་བརྙན་ཐུང་སོགས་བརྙན་རིས་གསར་འགྱུར་ཏེ་སྨྱན་སྦྱོར་གསར་པར་དང་ལེན་བྱེད་ཤུགས་ཆེ་རུ་ཕྱིན་པས། གསར་འགྱུར་གྱི་གསར་གསོས་རང་བཞིན་དང་། དུས་ཐོག་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་ལ་སྔོན་མ་དང་མི་འདྲ་བའི་རེ་བ་མཐོ་རུ་ཕྱིན་པ་ལས། རྒྱ་བོད་གསར་འགྱུར་ལོ་ཙཱའི་མྱུར་ཚད་དང་། སྤུས་ཚད། འབོར་ཚད་བཅས་ལ་འགྲན་སློང་གསར་པ་འཕྲད་བཞིན་ཡོད། འོན་ཀྱང་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལག་རྩལ་དར་ཁྱབ་ཕྱིན་པ་ནས་བཟུང་། གསར་འགྱུར་ལོ་ཙཱའི་དཀའ་གནད་འཕྲལ་དུ་སེལ་ནས། ཞིང་འབྲོག་མང་ཚོགས་ཚོའི་སྔར་ལས་ཆེ་བའི་གསར་འགྱུར་གྱི་དགོས་མཁོ་གང་ལེགས་སྐོང་བཞིན་ཡོད།

    གཉིས། སྟབས་བདེ་ལ་ཆ་འཕྲིན་གང་མང་མཁོ་འདོན་ཐུབ་པ།

    ཚན་རིག་ལག་རྩལ་ཇེ་མཐོར་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱིས་འཚོ་བའི་ཁྲོད་སྟབས་བདེ་གང་ལེགས་ཡོང་ཐུབ་རེ་བྱེད་པའི་བསམ་བློའི་འདུན་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། མི་ཐབས་རིག་ནུས་ཀྱི་ལག་རྩལ་དེ་ང་ཚོའི་འཚོ་བའི་ཁྲོད་རིམ་གྱིས་དར་ཁྱབ་འགྲོ་བཞིན་ཡོད་པས། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་སྟབས་བདེ་ཧ་ཅང་གི་ཆེན་པོ་བསྐྲུན་ཡོད། གསར་འགྱུར་ལས་ཁུངས་ཁག་གི་བོད་ཡིག་སྨྱན་སྦྱོར་བས་ལོ་ཙཱའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་དུས་ཚོད་ངེས་ཅན་ཞིག་བེད་སྤྱད་ནས་གསར་འགྱུར་ལོ་ཙཱ་བྱེད་ཀྱི་ཡོད་ཀྱང་བོད་ཡིག་གསར་འགྱུར་དེ་རྒྱ་ཡིག་གསར་འགྱུར་དང་དུས་མཉམ་དུ་འཕྲིན་སྤེལ་བྱེད་མི་ཐུབ་པའི་སྣང་ཚུལ་ཐོན་གྱི་ཡོད། འོན་ཀྱང་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་སྐར་མ་གཅིག་ཀྱང་མི་འགོར་བར་འཕྲལ་དུ་འཕྲུལ་ཆས་ཀྱིས་ལོ་ཙཱ་བྱེད་པས། དུས་ཐོག་ཏུ་འགོད་སྤེལ་བྱེད་དགོས་པའི་མྱུར་འཕྲིན་གསར་འགྱུར། ཐད་གཏོང་གསར་འགྱུར། གསར་འགྱུར་རིང་གྲས་ལ་སོགས་པའི་དུས་ཚོད་ཀྱི་ཚད་བཀག་ཆེ་བའི་རྣམ་པ་མི་འདྲ་བའི་གསར་འགྱུར་ལོ་ཙཱ་བྱེད་ཐུབ་པར་བརྟེན། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་སྟབས་བདེའི་ཁྱད་ཆོས་དེ་གང་ལེགས་མངོན་བཞིན་ཡོད། གསར་འགྱུར་ལོ་ཙཱ་བས་ཀྱང་ལག་ཐོགས་ཁ་པར་ནང་གི་བྱ་རིམ་ཆུང་ངུ་དང་མཉེན་ཆས་སྣ་ཚོགས་ཕབ་ལེན་བྱེད་པའམ། འཕྲུལ་ཆས་ཀྱི་ལོ་ཙཱ་བྱེད་པའི་དྲ་ཚུགས་སོགས་ནས་དུས་ངེས་མེད་དང་ཡུལ་ངེས་མེད་ཀྱིས་ཆ་འཕྲིན་དང་གསར་འགྱུར་གྱི་ནང་དོན་འདྲ་མིན་ལ་ལོ་ཙཱ་བྱེད་ཐུབ་པར་བརྟེན། སྔོན་གྱི་ལོ་ཙཱའི་ཚོགས་པ་དགོས་པ་དང་། དུས་ཚོད་ངེས་ཅན་འགོར་བ། ལས་ཆོད་ཆེན་པོ་མེད་པའི་རྐྱེན་གྱིས་ཆ་འཕྲིན་མང་པོ་སྒྱུར་མ་ཐུབ་པ་དང་། ལོ་ཙཱ་བས་མ་ཡིག་ལ་རྒྱུས་ལོན་བྱེད་སྐབས་ཆ་འཕྲིན་ཁ་གསལ་པོ་བྱུང་མེད་པ། ལོ་ཙཱ་བའི་སྒྱུར་གཅིག་མཐུན་མེད་པ་སོགས་ཀྱི་དཀའ་གནད་སེལ་ཏེ་སྟབས་བདེ་པོའི་ངང་ནས་གསར་འགྱུར་ལོ་ཙཱ་བྱེད་ཐུབ་པས། གསར་འགྱུར་ལོ་ཙཱ་བའི་ལས་དོན་ལ་སྟབས་བདེ་གང་ལེགས་བསྐྲུན་པ་ཙམ་མ་ཟད། ཀློག་པ་པོས་ཀྱང་ཆ་འཕྲིན་གང་མང་ཤེས་རྟོགས་དང་རྒྱུས་ལོན་ཁ་གསལ་ཐུབ་པར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད།

    གཉིས་པ། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་རྒྱ་བོད་གསར་འགྱུར་ལོ་ཙཱའི་ཁྲོད་སྤྱོད་པའི་སྐྱོན་ཆ།

    གཅིག ལོ་ཙཱའི་སྤུད་ཚད་ལ་ཤུགས་སྣོན་རྒྱག་དགོས་པ།

    ལོ་ཙཱའི་ལས་ལ་འཇུག་པའི་སྐབས་སུ་སྔོན་ལ་ནང་དུ་འཛུལ་ནས་བསྟན་དོན་གསལ་རྟོགས་ཐུབ་པ་དང་དེ་ནས་ཕྱི་ལ་དོན་ཏེ་ཕབ་སྒྱུར་གནད་འཕྲོད་ཡོང་བ་བྱེད་དགོས། ཀུན་གྱིས་ཤེས་གསལ་ལྟར་བོད་རྒྱ་སྐད་རིགས་གཉིས་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད་ཅིང་འདི་གཉིས་སྐད་རིགས་མི་འདྲ་བའི་ཁོངས་སུ་གཏོགས་པ་མ་ཟད། བརྡ་སྤྲོད་ལུགས་དང་། སྐད་ཆ་ཤོད་སྟངས། ཐ་སྙད་ཀྱི་གོ་རིམ་སོགས་ཀྱི་ཐད་ཁྱད་པར་ཡང་ཧ་ཅང་ཆེན་པོ་ཡོད་པས། ལོ་ཙཱ་ནི་སྐད་ཆའི་བརྡ་རྟགས་ཙམ་བསྒྱུར་བ་དང་སྐད་ཆའི་ཕྱི་ཚུལ་གྱི་རྣམ་པ་ཙམ་བསྒྱུར་བ་མིན་པར། སྐད་ཆ་དེའི་གཏིང་ནས་འཕྲོས་པའི་རིག་གནས་ཀྱི་ཁྱད་ཆོས་དེ་ལོ་ཙཱ་བྱེད་མ་ཐུབ་ཚེ་ལོ་ཙཱ་དེར་སྲོག་གི་སྙིང་པོ་མེད་པ་དང་མཚུངས། རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལས་འཕྲུལ་ཆས་ཀྱིས་ས་མིང་དང་། དཔེ་ཆོས། ཡུལ་སྐད་ལ་སོགས་པའི་མིང་ལོ་ཙཱ་བྱེད་དུས་ཚིག་འབྲུ་རེ་རེ་བྱས་ནས་ཐད་སྒྱུར་དང་སྒྲ་སྒྱུར་གྱི་ཐབས་སྤྱད་པའི་རྣམ་པ་ཅུང་མང་བ་མཐོང་། རྒྱུ་མཚན་ནི་འཕྲུལ་ཆས་ཀྱིས་བསྒྱུར་བྱའི་ནང་དོན་ལ་གོ་བ་ཡང་དག་ལེན་མ་ཐུབ་པ་དང་བསྒྱུར་བྱའི་ཚིག་དེའི་བརྡའི་གནས་སྐབས་ཀྱི་ངེས་དོན་འབྱེད་མི་ཐུབ་པ། ལྷག་པར་དུ་བོད་སྐད་ལ་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞེ་ཚིག་དང་། ཡུལ་སྐད། གཏམ་དཔེ་སོགས་ཀྱི་ནང་དོན་ལ་ཁྱད་པར་ཡོད་པས། སྒྱུར་བྱེད་ཀྱི་དོན་དེ་མ་ཡིག་གི་དོན་དང་ཀུན་ནས་མ་གཅིག་པའི་གནད་དོན་ཡང་འདུག དེར་བརྟེན་གསར་འགྱུར་ལོ་ཙཱ་བས་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལག་རྩལ་དེ་སྤྱོད་པའི་སྐབས་སུ་སྐད་གཉིས་ཕན་ཚུན་བརྗེ་སྒྱུར་བྱེད་པ་ཙམ་མ་ཡིན་པར། སྒྱུར་བྱེད་ཀྱི་ནང་དོན་ལས་རིག་གནས་ཀྱི་ཉམས་འགྱུར་གང་ལེགས་མཚོན་ཐུབ་ཆེད་ཞུ་དག་དང་། རྩོམ་སྒྲིག་གི་ནུས་པ་ཡང་གོང་མཐོར་གཏོང་དགོས་པའི་སྣང་བ་ཞིག་འཆར།

    གཉིས། གྲངས་གཞིའི་མཛོད་ཀྱི་ཚིག་འབོར་དོ་མི་སྙོམས་པ།

    གྲངས་གཞི་ཆེན་མོ་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་པ་དང་གྲངས་གཞིར་ཤུགས་སྣོན་རྒྱག་པའི་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱབ་ཁོངས་མི་འདྲ་བའི་གྲངས་གཞིའི་མཛོད་ཀྱི་ཚིག་འབོར་མང་ཉུང་དོ་སྙོམས་མེད་པའི་ཚོར་སྣང་ཆེན་པོ་བྱུང་བ་སྟེ། འཕྲུལ་ཆས་ཀྱིས་སྲིད་ཇུས་དང་ཚོགས་ཆེན་སོགས་ཀྱི་ནང་དོན་ལོ་ཙཱ་བྱེད་སྐབས། དེའི་ཐད་ཀྱི་གྲངས་གཞི་རྣམས་དུས་རྒྱུན་ནས་ཉིན་རེའི་ཚགས་པར་དང་། བརྙན་འཕྲིན། དྲ་ཐོག་གསར་འགྱུར་བཅས་ཀྱི་གློག་རྡུལ་ནང་དོན་ཕུན་སུམ་ཚོགས་པོ་དང་ཆ་ཚང་པོ་ཡོད་པས། འཕྲུལ་ཆས་ཀྱིས་གསར་འགྱུར་དེ་རིགས་ལོ་ཙཱ་བྱེད་སྐབས་སྤུས་ཚད་ཀྱང་ཅུང་མཐོ་བ་འདུག ལྷག་པར་དུ་རྒྱ་བོད་ལོ་ཙཱ་བར་སྟབས་བདེ་ཡོང་ཆེད་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་སྐབས་དོན་གཞུང་ཡིག་ནང་ཐོན་པའི་ཐ་སྙད་གསར་པ་དང་དྲ་རྒྱའི་ཐ་སྙད་གསར་པ་དུས་བཀག་ལྟར་བཀས་བཅད་འགྲེམས་སྤེལ་བྱས་ཤིང་། དེ་དག་བྱ་རིམ་ཆུང་ངུའི་གྲངས་གཞིའི་མཛོད་བཟོས་ནས་འཚོལ་བཤེར་སྟབས་བདེ་ཡོང་བར་བྱེད་བཞིན་ཡོད། འོན་ཀྱང་ཆེད་ལས་ཀྱི་ཐ་སྙད་མང་བ། དཔེར་ན་གསོ་རིག་དང་། ཁྲིམས་ལུགས། དཔལ་འབྱོར་ལ་སོགས་པའི་ཁྱབ་ཁོངས་ཁག་གི་ཆེད་ལས་རང་བཞིན་ལྡན་པའི་དམིགས་བསལ་ཐ་སྙད་རིགས་ཀྱི་གྲངས་གཞི་ཅུང་ཉུང་བའི་སྣང་ཚུལ་གྱིས། འཕྲུལ་ཆས་ཀྱིས་མིང་ཚིག་དེ་རིགས་ཡོད་པའི་གསར་འགྱུར་ལོ་ཙཱ་བྱས་ནའང་སླར་ཡང་མི་ཡིས་ལོ་ཙཱ་དང་ཞུ་དག་ནན་པོ་བྱེད་དགོས་སྟབས། རྒྱ་བོད་རིག་གནས་ཁྱབ་སྤེལ་དང་སྤེལ་རེས། བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་སྐུལ་འདེད་གཏོང་ཆེད། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་འཕྲུལ་ཆས་ལོ་ཙཱའི་ལས་དོན་ལ་རྒྱ་བོད་འདྲ་མཚུངས་ཀྱི་སྐད་ཆའི་རྒྱུ་ཆ་མི་འདང་བའི་གནས་ཚུལ་སེལ་དགོས་ཤིང་། ཁྱབ་ཁོངས་ཁག་གི་གྲངས་གཞི་མང་དུ་གཏོང་བར་ཤུགས་སྣོན་རྒྱག་ཚེ།  གསར་འགྱུར་ལོ་ཙཱ་ཙམ་མ་ཟད་ལས་རིགས་སྣ་ཚོགས་ལ་ཕན་པ་ཆེན་པོ་ཐོགས་པ་ནི་སྨོད་མེད་ཡིན་པར་སྙམ།

    གསུམ། གསར་འགྱུར་ལོ་ཙཱ་བར་ཤུགས་རྐྱེན་འདྲ་མིན་ཐེབས་པ།

    ལོ་ཙཱ་ནི་སྐད་ཡིག་གཉིས་ཟུང་དུ་སྤྱོད་པའི་བྱ་འགུལ་ཞིག་ཡིན་པས་རྒྱ་བོད་གསར་འགྱུར་ལོ་ཙཱ་བྱེད་སྐབས་སྔོན་ལ་རྒྱ་ཡིག་གམ་མ་ཡིག་དེའི་ནང་དོན་ལ་གོ་བ་ཡང་དག་ལོན་ནས་བོད་ཡིག་ལ་ཚུར་ལོ་ཙཱ་བྱེད་དགོས། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལས་འཕྲུལ་ཆས་ཀྱིས་ལོ་ཙཱ་བྱེད་སྐབས་གསར་འགྱུར་གྱི་མ་ཡིག་ནང་དོན་ལ་ཚིག་འབྲུ་རེ་རེ་བྱས་ཏེ་མིང་ཚིག་གོང་འོག་གི་འབྲེལ་བ་དང་། ལོ་ཙཱའི་ཐབས་བར་གྱི་འབྲེལ་བ་སོགས་ལོ་ཙཱའི་ལག་ལེན་ཁྲོད་ཐག་གཅོད་བྱེད་དགོས་པའི་འབྲེལ་བ་དག་ལ་སྔོན་ནས་གསར་འགྱུར་ལོ་ཙཱ་བས་བསམ་གཞིགས་དེ་ཙམ་བྱེད་མི་དགོས་པར། སྒྱུར་བྱེད་ཀྱི་སྐད་ཡིག་དེར་ཐད་ཀར་ཞུ་དག་དང་། བཟོ་བཅོས་བྱེད་པའི་འཕེལ་ཕྱོགས་ཤིག་ཏུ་གྱུར་དུས། གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལག་རྩལ་ལ་བརྟེན་དྲགས་ཚེ། བསམ་གཞིགས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་སྲིད། ལྷག་པར་དུ་རྒྱས་འཕྲིན་གསར་འགྱུར་ལོ་ཙཱ་བྱེད་སྐབས་མིང་བརྡ་དང་ཚིག་ཉམས་དེའང་སྒྱུར་བྱེད་སྐད་ནས་ལེགས་པར་མངོན་དགོས། འོན་ཀྱང་འཕྲུལ་ཆས་ལོ་ཙཱས་ཉམས་འགྱུར་དེ་གནད་ལ་འཁེལ་བ་ཞིག་མངོན་མ་ཐུབ་པར་བརྟེན། གསར་འགྱུར་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལག་རྩལ་ལ་ཡོངས་སུ་བརྟེན་པའི་བསམ་བློ་འཁྱེར་ཚེ། ལོ་ཙཱ་བའི་གསར་གཏོད་རང་བཞིན་དང་། བསམ་གཞིགས་ནུས་པ་ཇེ་ཞན་དུ་འགྲོ་རྒྱུ་ངེས་གཏན་ཡིན་པས། དུས་རྒྱུན་ནས་སྐད་ཡིག་གཉིས་ཀྱི་བློ་སྦྱོང་བརྟན་པོ་དང་། ལོ་ཙཱའི་གཞུང་ལུགས་དང་ཐབས་རྩལ་ལ་རྒྱུས་མངའ་ཡོད་པ། རིག་པའི་གནས་མང་པོར་མཐོང་རྒྱ་ཆེ་བ་བཅས་ཀྱི་ལོ་ཙཱ་བའི་ཆ་རྐྱེན་དག་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་འདུན་པའང་ཇེ་ཞན་དུ་འགྲོ་སྲིད་ཉེན་ཆེའོ།

    མདོར་ན། ང་ཚོའི་འཚོ་བ་དང་ལས་ཀའི་ཁྲོད་གྲངས་གཞི་ཅན་དེ་མངོན་མེད་ཀྱི་གྲིབ་གཟུགས་ཇི་བཞིན་གནས་ཡོད་ལ། མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་ཀྱང་གྲངས་གཞི་དེ་དག་ལེགས་པར་དབྱེ་ཞིབ་བྱས་ཏེ་ང་ཚོའི་དཀའ་ངལ་སྣ་ཚོགས་འཕྲལ་དུ་སེལ་རོགས་བྱེད་པ་དང་། ཡང་དགའ་མོས་སྣ་ཚོགས་ཀྱི་ཆ་འཕྲིན་གང་མང་མཁོ་འདོན་བྱས་ནས། ལས་ཀ་དང་འཚོ་བའི་ཁྲོད་སྟབས་བདེ་མི་ཉུང་བ་ཞིག་བསྐྲུན་བཞིན་ཡོད། ལྷག་པར་དུ་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་གྲངས་གཞི་སྣ་ཚོགས་ལ་དབྱེ་ཞིབ་དང་། སྦྱོང་བརྡར་བྱས་ནས་འཕྲུལ་ཆས་ལོ་ཙཱའི་རྣམ་པ་གསར་པ་ཞིག་རིམ་གྱིས་མངོན་བཞིན་ཡོད་པས། མི་རིགས་ས་ཁུལ་གྱི་གསར་འགྱུར་ལས་དོན་པ་ཞིག་དང་རྒྱ་བོད་གསར་འགྱུར་གྱི་ལོ་ཙཱ་བ་ཞིག་ཡིན་པའི་ངོས་ནས། དུས་རབས་ཀྱི་འཕོ་འགྱུར་དང་འགྲོགས་ནས་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་ལག་རྩལ་གསར་པ་དེར་དང་ལེན་གྱི་བསམ་བློ་ཞིག་འཁྱེར་བ་ལས། རྙིང་ཞེན་བག་འཁུམས་ཀྱི་བསམ་བློ་དོར་ནས། དུས་རབས་མདུན་སྐྱོད་ཀྱི་གོམ་ཞེང་ཆེན་མོའི་ཁྲོད་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་འཚོ་བར་བསྐྲུན་པའི་སྟབས་བདེའི་ཕན་པ་ལེགས་པར་ལོངས་སུ་སྤྱད་དེ། རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཙམ་མ་ཟད། ཁྱབ་ཁོངས་ཁག་གི་ལས་དོན་ལ་རྒྱ་བོད་སྐད་རིགས་གཉིས་ཀྱི་གྲངས་གཞིའི་མཛོད་བཟོ་བ་དང་། ལས་དོན་ཁག་ཆ་འཕྲིན་ཅན་གྱི་ཕྱོགས་སུ་འབད་པ་བྱེད་པའི་དགོས་པ་ཤིན་ཏུ་ཆེ་བར་མཐོང་བས། གསར་འགྱུར་ལོ་ཙཱ་བས་ཀྱང་ལོ་ཙཱའི་ལག་ལེན་ཁྲོད་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱི་ལག་རྩལ་དེ་དང་དུ་བླང་རྒྱུ་དང་ཆབས་ཅིག་མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ལག་རྩལ་དེར་གྲངས་གཞིའི་མཛོད་གི་ཚིག་འབོར་ཕུན་སུམ་འཚོགས་སུ་གཏོང་བའི་དགོས་པ་ཡང་ཤིན་ཏུ་ཆེ་བར་མཐོང་ངོ་།

    ( བསོད་ནམས་དབང་འདུས་དང་བསོད་ནམས་མཚོ་མོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་རྩོམ་སྒྲིག་གི་ལས་ཀ་བྱེད་མུས )

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།