བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་སྒྱུར་ཐབས་བཤད་པ།
བོད་རིགས་ལ་རང་གི་རིག་གནས་ཀྱི་རྒྱབ་ལྗོངས་དམིགས་བསལ་ཡོད་པས། དེའི་མི་མིང་ཡང་ཡུལ་ཁམས་གཞན་གྱི་མི་རིགས་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་ཡོད། བོད་པའི་མི་མིང་ནི་སྤྱིར་བཏང་དུ་བླ་མ་དགེ་བཤེས་གང་ཞིག་གིས་བཏགས་པ་མང་བས། མིང་མང་ཆེ་བ་ཆོས་དང་འབྲེལ་བ་དང་དོན་གྱི་ཆ་ནས་གཅིག་གྱུར་གྱིས་སྒྱུར་ཐུབ། ཡིན་ན་ཡང་མི་མིང་ནི་སྒྲ་སྒྱུར་བྱེད་དགོས་པ་ལས་དོན་སྒྱུར་བྱེད་མི་ཆོག
གཅིག བོད་མིའི་མིང་འདོགས་ལུགས།
བོད་མིའི་མིང་གི་འདོགས་ལུགས་ལ་སྤྱིར་བཏང་དུ་རང་བྱུང་ཁམས་ཀྱི་བྱ་དངོས་ལས་དྲངས་པ། དཔེར་ན་མེ་ཏོག ཉི་མ། ཟླ་བ་སོགས་དང་། དམ་པའི་ཆོས་དང་འབྲེལ་བའི་ལྷ་དང་ཡི་དམ་གྱི་མཚན་ལས་དྲངས་པ། དཔེར་ན་རྟ་མགྲིན། སངས་རྒྱས། འཇམས་དབྱངས། སྒྲོལ་མ། ཀུན་བཟང་སོགས། དམ་པའི་ཆོས་ཀྱི་དོན་ལས་དྲངས་པ། དཔེར་ན་ཚུལ་ཁྲིམས། འཕགས་མཆོག དགེ་འདུན་སོགས། སྨོན་འདུན་དང་རྟེན་འབྲེལ་ལ་བརྟེན་པ། དཔེར་ན་བློ་གྲོས། ཤེས་རབ། ཚེ་རིང་། ནད་མེད་སོགས་ལྟ་བུ་ཡོད། མདོར་ན་བོད་པའི་མི་མིང་ནི་སྔར་མེད་པའི་མིང་ཞིག་གསར་དུ་བསྒྲིག་པ་མིན་པར། ཆེད་སྤྱོད་ཀྱི་མིང་གང་ཞིག་ཐད་ཀར་དྲངས་ཡོང་བ་ཡིན། དེ་བས་བོད་པའི་མི་མིང་དེ་དོན་གྱི་ངོས་ནས་ཚང་མ་གཅིག་གྱུར་ཡོང་ཐུབ་པས། གལ་ཏེ་དོན་སྒྱུར་བྱས་ན་གཅིག་གྱུར་ཚད་ལྡན་ཡོང་ཐུབ། ཡིན་ཡང་མིང་ནི་སྒྲ་སྒྱུར་བྱེད་དགོས་པས་དོན་སྒྱུར་བྱེད་མི་ཆོག་གོ།།
གཉིས། བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་སྒྱུར་བའི་གནད་དོན།
བོད་པའི་མི་མིང་གང་མང་ཞིག་རྒྱ་ཡིག་ཏུ་སྒྱུར་བ་ནི་ས་གནས་གང་དེའི་རྒྱའི་ཡུལ་སྐད་ཀྱི་སྒྲ་གདངས་གཞིར་བཟུང་བ་མང་སྟེ། དཔེར་ན་ཚེ་རིང་ལྟ་བུའི་མིང་ནི། སི་ཁྲོན་ཕྱོགས་སུ་“泽让”“则让”སོགས་སུ་སྒྱུར་བ་མང་། མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་“才让”སོགས་སུ་སྒྱུར་བ་མང་། བོད་ལྗོངས་ཕྱོགས་སུ་“次让”“次仁”སོགས་སུ་སྒྱུར་བ་མང་། ཡུན་ནན་བདེ་ཆེན་ཕྱོགས་སུ་“其荣”སོགས་སུ་སྒྱུར་བ་མང་། འདིར་བཀོད་པའི་རྒྱ་ཡིག་གིས་སྒྲ་གཅིག་པའི་ཡི་གེ་གཞན་དག་ཀྱང་མཚོན་ཡོད། སི་ཁྲོན་ཕྱོགས་སུ་རྒྱ་ཡིག་གི་སྒྲ་“z”ནི་“c”དང་། ཡུན་ནན་དུ་“q”ནི་“c”ལྟར་དུ་ཐོན་པས་སོ་སོའི་ཡུལ་སྐད་ལྟར་སྒྲ་དག་མོད། རྒྱལ་ཁབ་ཀྱི་སྤྱི་སྐད་ལྟར་ན་སྒྲ་དག་པ་མིན། དེ་བས་བོད་པའི་མི་མིང་རྒྱ་ཡིག་ཏུ་སྤྱི་སྐད་ལྟར་མ་སྒྱུར་བ་ནི་གནད་དོན་ཆེ་ཤོས་རེད།
བོད་མིང་ཁ་ཤས་རྒྱ་ཡིག་ཏུ་སྒྱུར་ཐབས་གཅིག་གྱུར་ཆགས་པ་བེད་སྤྱོད་མི་བྱེད་པ། བོད་མིང་ལས་བཀྲ་ཤིས་ལྟ་བུ་ནི་རྒྱ་ཡིག་ཏུ་“扎西”ཞེས་གཅིག་གྱུར་གྱི་འབྲི་སྟངས་ཆགས་ཡོད། ཡིན་ཡང་ལ་ལས་དེ་རྩི་སྲུང་མི་བྱེད་པར་རང་གིས་དེ་ལས་ལེགས་པ་ཞིག་ཏུ་སྒྱུར་འདོད་བྱེད། སྤྱིར་ལོ་ཙཱ་ལ་གཅིག་གྱུར་རང་བཞིན་ཤིན་ཏུ་མཁོ་བས། སྔར་བསྒྱུར་ཟིན་པ་དང་དེར་གནད་དོན་མེད་ཚེ་བརྩི་སྲུང་བྱས་ན་བཟང་བས། སྔར་བསྒྱུར་ཚར་བ་གང་ཞིག་གཅིག་གྱུར་བྱུང་ཡོད་ན་དེ་བཞིན་དུ་བྱེད་དགོས།
གསུམ། བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་སྒྱུར་ཐབས།
བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་སྒྱུར་བ་ལ་སྒྲ་སྒྱུར་བྱེད་དགོས་ཏེ། མི་མིང་ནི་ཆེད་སྤྱོད་ཀྱི་མིང་མིན་པས། དེ་ནི་བརྡ་ཆད་གཞན་དང་མི་འདྲ་བར་ངེས་གཏན་གྱི་གོ་ས་ཡོད། དཔེར་ན་བཀྲ་ཤིས་ཞེས་པའི་མི་མིང་ནི་སྒྲ་སྒྱུར་མ་བྱས་པར་“吉祥”ཞེས་དོན་སྒྱུར་བྱས་ན། དོན་དུ་མི་འདི་སུ་ཡིན་ལྟ་ཞོག་ཐ་ན་མི་ཞིག་ཡིན་པ་ཡང་ཤེས་དཀའ། དེ་བས་སྒྲ་སྒྱུར་ནི་བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་སྒྱུར་བའི་ཐབས་དང་པོ་དེ་རེད། བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་བསྒྱུར་བར་སྔར་གྱི་གཏན་ཆགས་ཀྱི་སྲོལ་རྒྱུན་ལ་འགྱུར་ལྡོག་གཏོང་མི་རུང་། དཔེར་ན་བཀྲ་ཤིས་དང་སྒྲོལ་མ། ཉི་མ་ལྟ་བུ་ནི་རྒྱ་ཡིག་ལ་“扎西”“卓玛”“尼玛”ཞེས་གཅིག་གྱུར་བྱུང་ཡོད་པས་དེ་དག་ངེས་པར་དུ་དང་ལེན་དང་བེད་སྤྱོད་བྱེད་དགོས།
བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་བསྒྱུར་བར་སྒྲ་གཅིག་ཅན་གྱི་རྒྱ་ཡིག་སྤྱོད་དགོས། དཔེར་ན་རྒྱལ་མཚན་ཞེས་པའི་མི་མིང་རྒྱ་ཡིག་ཏུ་“降赞”ལྟར་སྒྱུར་བའི་རིགས་ཡོད། རྒྱ་ཡིག་“降”ལ་སྒྲ་“jiang”“xiang”གཉིས་ཡོད། ཀློག་པའི་སྒྲ་མི་གཅིག་པས་ལ་ལས་“jiang zan”དང་ལ་ལས་“xiang zan”ཞེས་ཀློག་མཁན་ཡོད། དེ་བས་རྒྱ་ཡིག་གི་སྒྲ་གཅིག་ལས་མེད་པ་ཞིག་ཏུ་སྒྱུར་རྒྱུ་ནི་གལ་ཤིན་ཏུ་ཆེ།
བོད་ཡིག་གི་མི་མིང་རྒྱ་ཡིག་ཏུ་བསྒྱུར་བར་དབྱངས་ཡིག་སྒྲ་སྡེབ་ཐོན་དགོས། བོད་ཡིག་ལ་དབྱངས་བཞི་དང་། དེ་དག་རྒྱ་ཡིག་གི་དབྱངས་དང་སྒྲ་སྡེབ་ཐོན་རྒྱུ་གལ་ཤིན་ཏུ་ཆེ། དཔེར་ན་གི་གུ་ནི་སྒྲ་མཐོ་ལ་ལྕེ་རྩེ་མདུན་དུ་ཡོད་པའི་ཆ་ནས་“i”ཡིན་པ་དང་། ཞབས་ཀྱུ་ནི་སྒྲ་མཐོ་ལ་ལྕེ་རྩེ་གཞུག་ཏུ་ཡོད་པའི་ཆ་ནས་“ u”ཡིན། འགྲེང་བུ་ནི་སྒྲ་ཅུང་མཐོ་ལ་ལྕེ་རྩེ་མདུན་དུ་ཡོད་པའི་ཆ་ནས་“e”ཡིན་པ་དང་། ན་རོ་ནི་སྒྲ་ཅུང་མཐོ་ལ་ལྕེ་རྩེ་གཞུག་ཏུ་ཡོད་པའི་ཆ་ནས་“o”ཡིན། དེ་མིན་ཡི་གེ་ཀུན་ལ་ཞུགས་པའི་དབྱངས་ཨ་ནི་“a”ཡིན། བོད་ཡིག་གི་གསལ་བྱེད་ཀྱི་མ་ལག་ལ་སྔོན་མིང་རྗེས་གསུམ་དང་མགོ་འདོགས་ཡོད་པ་དང་། ད་ལྟ་ཡིག་ཐོག་ཏུ་འགོད་པ་ལས་དོན་དངོས་ཀྱི་ཀློག་སྟངས་ཁྲོད་སྔོན་མིང་རྗེས་གསུམ་དང་མགོ་འདོགས་གསལ་པོ་ཐོན་མིན་ཡོད་ལ། ལྷག་པར་དུ་བོད་ཡིག་ཀློག་པར་གཅིག་གྱུར་བྱུང་མེད་པས། མིག་སྔར་ད་དུང་གསལ་བྱེད་ཀྱི་སྒྲ་སྡེབ་འདོན་ཐབས་མེད།
གསུམ། མཇུག་སྡོམ།
བོད་ཡིག་མི་མིང་ནི་བོད་སྐད་ལྟར་ན་སྒྲ་གཅིག་གྱུར་མིན་པས། རྒྱ་ཡིག་ཏུ་སྒྱུར་བར་དཀའ་ངལ་ཆེན་པོ་བཟོས་ཡོད། དེ་བས་བོད་ཡིག་ལ་གཅིག་གྱུར་གྱི་ཀློག་སྟངས་ཤིག་ཆགས་རྒྱུ་ནི་གལ་ཤིན་ཏུ་ཆེ། མི་མིང་ནི་ཆེད་སྤྱོད་ཀྱི་མིང་ཡིན་པས། དེ་ནི་ངེས་པར་དུ་སྒྲ་སྒྱུར་བྱེད་དགོས། སྒྲ་སྒྱུར་བྱེད་དུས་སྔར་གྱི་སྲོལ་རྒྱུན་རྒྱུད་འཛིན་དང་རྒྱ་ཡིག་སྒྲ་གཅིག་ཅན་གྱི་ཡི་གེ་སྤྱོད་རྒྱུ་གལ་ཆེ་ལ། དབྱངས་ཡིག་གི་སྒྲ་སྡེབ་ནི་ཐོག་མཐའ་བར་གསུམ་དུ་ལག་ལེན་བྱེད་རྒྱུ་གལ་ཆེའོ། (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་ཚེ་རིང་བཟང་མོ)