མིང་བརྡ་གསར་པ་བོད་ཡིག་ཏུ་སྒྱུར་ཐབས་བཤད་པ།
མིང་བརྡ་གསར་པ་ཞེས་པ་ནི་མིང་བརྡ་གང་ཞིག་གི་ནང་དོན་དང་རྣམ་པ་གསར་པ་ཡིན་པར་གོ་བ་ཡིན། དེ་ནི་སྤྱིར་བཏང་དུ་སྔར་ཡོད་པའི་མིང་བརྡའི་མ་ལག་ནང་དུ་ཚུད་མེད་པ་དང་། ཡང་ན་ཚུད་ཡོད་ཀྱང་ནང་དོན་གསར་པ་བྱུང་བ་ཞིག་ཡིན་དགོས། མིང་བརྡ་གསར་པ་ནི་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འབྱུང་བཞིན་ཡོད་པས། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་གང་མང་ཞིག་ལ་རྒྱུས་ལོན་ཡང་བྱས་ཆོག འདིར་གཙོ་བོ་མིང་བརྡ་གསར་པ་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་ཐབས་སྐོར་བཤད་རྒྱུ་ཡིན། དེ་ཡང་བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་ཐབས་སྐོར་དུ་དྲངས་པའི་དཔེར་བརྗོད་དག་ནི་ཀྲུང་གོས་མི་རིགས་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་དང་གཏན་འབེབས་བྱས་པའི་མིང་བརྡ་གསར་པ་ལས་དྲངས་པ་ཡིན།
གཅིག བོད་ཡིག་མིང་བརྡ་གསར་པའི་ཡིག་སྒྱུར་གནད་དོན།
མིག་སྔར་མིང་བརྡ་གསར་པ་བོད་ཡིག་ཏུ་ཡིག་སྒྱུར་བྱས་པར་ཡིག་སྒྱུར་ལས་ཁུངས་མི་འདྲ་བའི་དབང་གིས་མིང་བརྡ་གཅིག་གི་སྒྱུར་ཚུལ་ཡང་མི་འདྲ་སྟེ། དཔེར་ན་མིང་བརྡ་གསར་པ་“新质生产力”ཞེས་པ་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་གཞུང་ལས་ཁང་ངམ་རྩོམ་སྒྱུར་ཅུས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཞེས་སྒྱུར་ཚུལ་མི་གཅིག མིང་བརྡ་གསར་པའི་ཡིག་སྒྱུར་གཅིག་གྱུར་མ་བྱུང་བ་ནི་མིག་སྔར་འཕྲད་པའི་གནད་དོན་ཆེ་ཤོས་རེད།
མིང་བརྡ་གསར་པ་ཡིག་སྒྱུར་བྱེད་པར་གཅིག་ནས་མ་ཡིག་གི་དོན་དང་མཐུན་དགོས་པ་དང་། གཉིས་ནས་འགྱུར་ཡིག་གི་ནང་དོན་ཁ་གསལ་ཞིང་གོ་བདེ་བ་ཡིན་དགོས། གལ་ཏེ་དེ་གཉིས་མ་བྱུང་ཚེ་ཡིག་སྒྱུར་བྱས་པའི་དོན་སྙིང་མེད་པར་གྱུར་སྲིད། མིག་སྔར་མིང་བརྡ་གསར་པ་ཡིག་སྒྱུར་བྱས་པ་དེ་སྤྱིའི་ཆ་ནས་མ་ཡིག་གི་དོན་དང་མཐུན་པོ་ཡོད། འོན་ཀྱང་དེ་ནི་མ་ཡིག་གི་སྦྱོར་བ་དང་བསྟུན་ཆེ་བས་བོད་ཡིག་ཏུ་གོ་དཀའ་བའམ་ལོག་པར་གོ་ཉེན་ཡོད། དཔེར་ན་“病原学”ལྟ་བུ་“ནད་རྐྱེན་རིག་པ་”ཞེས་བསྒྱུར་ཡོད། “病原学”ཞེས་པ་ནི་ནད་ཀྱི་འབྱུང་གཞིར་ཞིབ་འཇུག་བྱེད་པའི་རིག་ཚན་ལ་གོ་བ་ཡིན། རྐྱེན་ནི་བོད་ཡིག་ཁྲོད་ལྷན་ཅིག་བྱེད་རྐྱེན་ཏེ་འབྱུང་བའི་གཞིའམ་ཉེར་ལེན་གྱི་རྒྱུ་མ་ཡིན། དེ་བས་ནད་རྐྱེན་རིག་པ་ཞེས་བསྒྱུར་ན་ནད་འབྱུང་བའི་གཞི་མཚོན་མི་ནུས།
གཉིས། བོད་ཡིག་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་ཐབས།
བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་པ་ནི་བརྗོད་པ་གསར་པ་ཞིག་གསར་དུ་བཟོ་བ་མིན་ཏེ། དེ་ནི་སྔར་གྱི་བརྗོད་པ་ལྟར་དུ་ཡིག་སྒྱུར་བྱས་པ་ཡིན། དེ་བས་མིང་བརྡ་གསར་པ་བོད་ཡིག་ཏུ་ཡིག་སྒྱུར་བྱེད་དུས་བོད་ཡིག་གི་བརྗོད་པ་ལྟར་སྒྱུར་དགོས། དཔེར་ན་“保供稳价”“保民生”“保暖保供”“保通保畅”བཞི་ནི་རྒྱ་ཡིག་གི་བྱ་ཚིག“保”ཡིས་བརྗོད་པ་སྤེལ་བའི་མིང་བརྡ་གསར་པ་རྐྱང་རྐྱང་རེད། དེ་དག་བོད་ཡིག་ཏུ་རིམ་བཞིན་“སྤྲོད་སྲུང་གོང་བརྟན་”“དམངས་འཚོ་འགན་སྲུང་”“དྲོད་སྲུང་འདོན་སྲུང་”“ཤར་གཏོང་འགན་སྲུང་”ཞེས་བསྒྱུར་ཡོད། རྒྱ་ཡིག་ཏུ་ལས་ཚིག་སྔོན་དང་མིང་ཚིག་རྗེས་སུ་ཡོད། ཡིན་ཡང་བོད་ཡིག་ཏུ་དེ་ལས་ལྡོག་སྟེ་ལས་ཚིག་རྗེས་དང་མིང་ཚིག་སྔོན་ལ་ཡོད། ཡིག་སྒྱུར་བྱེད་དུས་བོད་ཡིག་གི་བརྗོད་པ་ལྟར་བྱས་ཡོད་པས་བོད་ཡིག་ཀློག་པ་པོས་གོ་བདེ་བ་ཡིན།
བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་དུས་ཡིག་གྲངས་གཅིག་མཚུངས་ཐོན་ན་བཟང་། དེ་ཡང་རྒྱ་ཡིག་མ་ཡིག་གི་དོན་དང་མ་འགལ་ལ་བོད་ཡིག་ཏུ་བརྗོད་བདེ་བ་བྱུང་ཚེ། མ་ཡིག་ལ་ཡིག་གྲངས་ག་ཚོད་ཡོད་ན་བོད་ཡིག་ཏུ་ཡང་དེ་ཡོད་དགོས། ཡིག་གྲངས་གཅིག་མཚུངས་བྱུང་བས་ཡི་གེ་རེ་རེའི་དོན་མཚོན་པར་སྟབས་བདེ། དཔེར་ན་“应保尽保”ནི་“སྲུང་འོས་ཀུན་སྲུང་”ཞེས་བསྒྱུར་ཡོད། རྒྱ་ཡིག་ལ་“保”ནི་སྲུང་གི་དོན་དང་། “应”དང་“尽”ཡིས་འོས་པ་དང་ཡོད་ཚད་ཀྱི་དོན་སྟོན། བོད་ཡིག་ཏུ་དོན་ཇི་བཞིན་མཚོན་པར་ངེས་པར་དུ་ཡིག་འབྲུ་བཞི་ཡོད་དགོས། གལ་ཏེ་ཡིག་འབྲུ་གསུམ་ལས་མེད་ཚེ་འོས་དང་ཀུན་གཉིས་ཀྱི་དོན་མཚོན་མི་ཐུབ།
བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་དུས་ཐམས་ཅད་དོན་སྒྱུར་བྱེད་མི་རུང་སྟེ་ལ་ལ་ངེས་པར་དུ་ཐད་སྒྱུར་བྱེད་དགོས། རྒྱ་ཡིག་ཏུ་ཡི་གེ་གཅིག་གིས་དོན་མང་པོ་མཚོན། གལ་ཏེ་ཡི་གེ་དེས་གྲུབ་པའི་མིང་བརྡ་ཡོད་ཚད་བོད་ཡིག་ཏུ་དོན་སྒྱུར་བྱས་ཚེ་གོ་ནོར་ཐེབས་པའི་ཉེན་ཁ་ཡོད། དཔེར་ན་“绿色金融”“绿色高效制冷”“绿色建筑”“绿色债卷认证机构”“绿色账户”“绿色食物”ཞེས་“绿色”ཡིས་བདེ་འཇགས། བདེ་ཐང་།ལྷད་མེད་སོགས་དོན་དུ་མ་སྟོན། དེ་ནི་རིམ་བཞིན་“ལྗང་མདོག་དངུལ་རྩ་”“ལྗང་མདོག་ཕྱོད་ཆེ་འཁྱགས་བཟོ་”“ལྗང་མདོག་འཛུགས་སྐྲུན་” “ལྗང་མདོག་བུན་འཛིན་ངོས་འཛིན་སྒྲིག་གཞི་” “ལྗང་མདོག་རྩིས་ཐེམ་”ཞེས་གཅིག་གྱུར་སྒོས་ལྗང་མདོག་ཅེས་ཐད་སྒྱུར་བྱས་ཡོད། དེ་ལྟར་གཅིག་གྱུར་སྒོས་ཐད་སྒྱུར་མ་བྱས་ན་བོད་ཡིག་ཁྲོད་དུ་“绿色”ནི་ད་ལྟའི་ཆེད་སྤྱོད་མིང་བརྡ་ཞིག་ཏུ་གྱུར་ཟིན་པ་མི་ཤེས། དེ་བས་ཐད་སྒྱུར་བྱས་ན་རྒྱ་ཡིག་དང་དོན་མཐུན་པ་དང་བོད་ཡིག་ལ་ཡང་བརྗོད་བདེ་ལ། དེ་ནི་ཆེད་སྤྱོད་མིང་བརྡ་ཡིན་པའང་ཤེས་ཐུབ།
བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་དུས་ལ་ལ་དོན་སྒྱུར་བྱེད་དགོས། རྒྱ་ཡིག་ཡི་གེ་གཅིག་མིང་བརྡ་མི་གཅིག་པའི་ནང་ཐོན་པར་རེ་རེའི་དོན་ཅི་སྟོན་པ་གསལ་པོར་འབྱེད་དགོས། དཔེར་ན་“精神”ཞེས་པ་བོད་ཡིག་ཏུ་“སྙིང་སྟོབས་”ཞེས་བསྒྱུར་བ་དང་། ཡང་“精神暴力”ཞེས་པའི་སྐབས་སུ་ “སེམས་གཙེས་”ཞེས་སེམས་སུ་བསྒྱུར་འདུག གལ་ཏེ་ཕྱི་མ་དེ་སྙིང་སྟོབས་གཙེས་ཞེས་བསྒྱུར་ན་བོད་ཡིག་ལ་མ་ཡིག་གི་ནང་དོན་ཇི་བཞིན་གོ་མི་ནུས།
གསུམ། མཇུག་སྡོམ།
བོད་ཡིག་ཏུ་མིང་བརྡ་གསར་པ་ཡིག་སྒྱུར་བྱེད་དུས་ཐབས་འདི་བཀོལ་དགོས་ཞེས་ངེས་གཏན་ཞིག་མེད། དེ་ནི་མིང་བརྡ་རེ་རེའི་གྲུབ་ལུགས་དང་། ཡི་གེ་རེ་རེའི་ནང་དོན་ལ་བསམ་བློ་ཆེན་པོ་གཏོང་དགོས། རྒྱུ་མཚན་ནི་མིང་བརྡའི་གྲུབ་ལུགས་ནི་ཡི་གེའི་རང་བཞིན་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འབྱུང་ལ། ཡི་གེ་རེ་རེའི་དོན་ནི་དུས་དང་རྣམ་པ་ཀུན་ཏུ་གསར་པ་ཐོན་སྲིད། ཁྱད་པར་དུ་མིང་བརྡ་གསར་པ་གྲུབ་པའི་ཡི་གེའི་དོན་དེ་བས་གསར་པ་ཐོན་སྲིད། དེ་ལས་སྐབས་དང་བསྟུན་ནས་ཡིག་སྒྱུར་བྱེད་པ་ལས་ཐབས་མེད། དེ་ཡང་གཙོ་བོ་ཡུན་རིང་གི་ཡིག་སྒྱུར་ལག་ལེན་ལ་རག་ལས་ཡོད་དོ། (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་ཚེ་རིང་གཡང་མཚོ)