ངས་བྲིས་པའི་ཡིག་ཚོགས་དེ་དག
སྣང་བ་དབྱངས་ལ་བརྒྱུས་པའི་མེ་ཏོག་ཡིན་གྱི། །
ཕྱི་མའི་ལམ་འཕྲང་བརྒྱུད་པའི་ལམ་ཡིག་མ་ཡིན། །
ཚོར་རྟོག་སེམས་ཀྱིས་རི་མོ་བཞེངས་བ་ཡིན་གྱི། །
འཇིག་རྟེན་འཁོར་བ་སྐྱོང་གི་འཚོ་ཚིས་མ་ཡིན། །
སྣང་བ་མེ་ཏོག་འདྲེས་མའི་དབྱར་གཞུང་ཡིན་གྱི། །
མི་འདོད་སད་ཀྱིས་བཅོམ་པའི་སྟོན་ལོ་མ་ཡིན། །
ཚོར་རླབས་གཡུ་ལོ་ལྡེམ་པའི་དཔྱིད་དཔལ་ཡིན་གྱི། །
རེ་བ་རླུང་ལ་བསེད་པའི་དགུན་ཟླ་མ་ཡིན། །
ཚེ་འདིར་རིང་ནས་འདྲིས་པའི་ཆུང་གྲོགས་ཡིན་གྱི། །
ཕྱི་ཐག་མཛའ་བརྩེ་དབེན་པའི་ཅོལ་ཆུང་མ་ཡིན། །
ལུས་སེམས་ཕྱི་ནང་གླན་སའི་གཏན་གྲོགས་ཡིན་གྱི། །
ངེས་མེད་ཡུལ་ལ་གྱར་བའི་མགྲོན་པོ་མ་ཡིན། །
སྐྱིད་ན་སེམས་པས་གཞས་ཆུང་ལེན་རོགས་ཡིན་གྱི། །
སྐྱོ་དུས་འཛུམ་པའི་སོ་ཕྲེང་མངོན་མཁན་མ་ཡིན། །
སྡུག་ན་གདོང་གི་མིག་ཆུ་འབྱིད་རོགས་ཡིན་གྱི། །
སྤྲོ་སྣང་ཁོ་ནར་རོལ་བའི་ཚེ་གྲོགས་མ་ཡིན། །
ཡིག་ཚོགས་འདི་དག་སེམས་གཏམ་ངོ་མ་ཡིན་གྱི། །
དོན་མེད་སེམས་ལ་འཆར་བའི་གཟུགས་བརྙན་མ་ཡིན། །
ཡིག་ཚོགས་འདི་དག་རུས་པའི་རྐང་མར་ཡིན་གྱི། །
དགོས་མེད་ནམ་ཟླ་བསྐྱལ་བའི་ཡིག་ཕྲེང་མ་ཡིན། །
འདི་ཀོ་ཆེ་ནས་བཤད་ན་སྙན་ངག་ཡིན་གྱི། །
དུས་ཚོད་བཏང་ཕྱིར་བྲིས་པའི་ཡི་གེ་མ་ཡིན། །
དགའ་སྐྱོའི་ཚོར་བ་གསལ་བའི་མེ་ལོང་ཡིན་གྱི། །
འདི་ཕྱི་ཕན་པའི་ཆོས་ཤིག་མིན་ཡང་ཆོག་གོ །
ཤོག་དཀར་ཐང་ན་རྩེན་པ་འདི་ཀོའི་ཕག་ན། །
ཁེར་རྐྱང་སྣང་བའི་རི་མོ་གསལ་ལེར་འཆར་ཡོད། །
དྲན་གདུང་མཆི་མའི་རླབས་ཕྲེང་གཡོ་བའི་ཤུལ་ན། །
སྐྱོ་སྣང་སེམས་ཀྱི་ཕྱི་ནང་བརླན་སེ་ཡོད་སྐད། །
ཆགས་སྡང་རླུང་ལྟར་ལྡང་བའི་འཇིག་རྟེན་འདི་རུ། །
སྐྱིད་སྡུག་འཁོར་ལོ་ཇི་བཞིན་མཚམས་མེད་འཁོར་དུས། །
མཐོང་ཐོས་དྲན་གསུམ་འཇིག་རྟེན་སྣང་བའི་ཁྲོད་ནས། །
ང་ཡི་བརྩེ་དུངས་ཡིག་ཚོགས་འདི་ཀོར་འཐིམས་ཡོད། །