ཇོ་རིའི་ཕྱོགས་ཀྱི་ཐུགས་རྗེའི་སྤྲིངས་ཡིག
དེ་ཡང་། རྟ་བདུན་གྱི་དབང་པོ་ཤར་རིའི་རྩེ་མོ་ནས་འཆར་ལ་ཉེ་ལ། ཇོ་རིའི་འདབས་སུ་ཆགས་པའི་ལུང་པའི་ཕུ་མདའ་ཀུན་ཏུ་རྫི་གསང་བའི་འཁྱམ་ཁྱིའི་ཟུག་སྐད་དང་དེ་ཕོ་ཚ་ལུའི་བྱ་སྐད་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གྲགས་པ་དང་། ལོ་ཟླའི་ཁུར་གྱིས་བཟོད་པའི་རྒན་རྒོན་རྣམས་གཉིད་ཀྱི་སྐལ་བ་རྫོགས་པས་སམ་ལས་ལ་སྤྲོ་བས་བརྟས་སམ་ཅི། སྔ་པོ་ནས་མལ་ལས་ལངས་ཏེ་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ནང་ལས་བྱེད་པ་དང་གུང་གསེང་བཞག་པའི་སློབ་མ་རྣམས་ནི་རེ་ཞིག་སོས་དལ་བབ་ཕེབས་ཀྱི་འཚོ་བས་རབ་ཏུ་མྱོས་ཏེ་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་ནས་འཇིག་རྟེན་འདི་དང་འབྲེལ་བ་གཏན་ནས་མེད་པ་ལྟ་བུར་སྣང།
འོན་ཀྱང་། རྐང་འོག་གི་ས་གཞི་རི་མོའི་འབྱུང་བ་གློ་བུར་དུ་རབ་ཏུ་འཁྲུགས་ཏེ་ཡམ་ཡོམ་དུ་འགུལ་བ་ན། མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་རང་བྱུང་ཆག་སྒོ་ཆེན་པོ་ཞིག་སྐད་ཅིག་མར་ངའི་ཕ་ཡུལ་གྱི་སེམས་ཅན་ཡོད་དོ་ཅོག་གི་མགོ་ཐོག་ཏུ་ཡོ་གཟུར་མེད་པར་ལྷུངས་བ་དང་སྦྲགས། མཛེས་སྡུག་གི་ཁྱིམ་གཞིས་མང་པོ་ཐལ་བའི་རྡུལ་དུ་བརླགས་ཤིང། རིན་བྲལ་གྱི་ཚེ་སྲོག་མང་པོའི་དབུགས་རྒྱུན་བཅད་པས། བདེ་སྐྱིད་ཀྱི་རྩ་བ་ཚུགས་པའི་གྲོང་སྡེ་མང་པོ་སྐད་ཅིག་མར་ཟང་ཟིང་དང་ངུ་སྒྲས་ཁེངས་པའི་མྱ་ངམ་ཡུལ་དུ་གྱུར་སོང་། གང་ལྟར་རང་བྱུང་གནོད་འཚེ་ནི་རི་གཟར་རྦབ་རྡོ་དང་འདྲ་བས་སུས་ཀྱང་ཟློག་ཐབས་བྲལ་བ་སྟེ། སྡོད་ཁང་དང་ཚོང་ཁང་། ཟ་ཁང་། ཕྱུགས་ཚང་སོགས་མང་ཆེ་བ་བརྡིབས་ཤིང་། གཞུང་ལམ་དང་གློག་ལམ་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་རེ་ཞིག་འ་ཆད་འུ་ཐུག་གི་གནས་སུ་གྱར།
ཟླ་1པོའི་ཚེས་7ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པར། གུས་པའི་ཕ་ཡུལ་ཏེ། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པའི་གཏམ་ངན་དེ། དགུན་གྱི་གྲང་ལྷགས་ཀྱིས་དེད་པའི་རྩྭ་ལོ་སྐམ་པོ་དང་འདྲ་བར་ས་ཕྱོགས་གང་སར་ཁྱབ་སྟེ། རེ་ཞིག་རྒྱལ་ནང་དང་རྒྱལ་སྤྱིར་དོ་ཁུར་བྱེད་སའི་གསར་འགྱུར་གཙོ་བོར་གྱུར། ས་ཡོམ་རྗེས་ཀྱི་དུས་ཐུང་སྐར་མ་བཅུའི་གཡས་གཡོན་དུ་བཅིངས་འགྲོལ་དམག་མི་དང་། དྲག་ཆས་ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ས་ཡོམ་རྒྱག་སར་འབྱོར་ནས། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒུད་སྐྱོབ་ཀྱི་ལས་ལ་ཞུགས། གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ཡིན། ཕྱོགས་ཁག་ནས་རོགས་སྐྱོར་དུ་ཡོང་བའི་མི་རྣམས་ཀྱིས་དུས་ཚོད་སྐར་ཆ་ཙམ་ལའང་དམ་འཛིན་དང་གཉིད་ཆགས་ཟས་བརྗེད་ཀྱིས་འཆི་བདག་དང་ཚེ་སྲོག་ཧབ་ཐོབ་རྒྱག་བཞིན་ཡོད་རུང་། འགའ་ཞིག་སྔ་ས་ནས་འཆི་བདག་གི་ཞགས་པས་བཟུང་ཟིན་པས་གདུང་སེམས་མཉམ་སྐྱེ་དང་གསོལ་བ་སྨོན་ལམ་གདབ་རྒྱུ་ལས་ཐབས་ཅི་ཡང་མ་མཆིས། ས་ཡུལ་དངོས་སུ་ས་རིས་དང་ཡུལ་ཕྱོགས་མི་གཅིག་པའི་རོགས་སྐྱོར་མི་སྣ་མང་པོས་ཀྱང་རང་ནུས་གང་དཔོག་གིས་བྱམས་བརྩེའི་ཕྱག་ཟུང་བསྐྱངས་པ་སྟེ། དཔེར་ན་ཧུད་རིགས་ཀྱིས་ཐུག་པ་བཟོ་བ་དང་དྲ་གྲགས་ཚོས་དངུལ་དངོས་ཞལ་འདེབས་རྒྱག་པ། ཡུལ་ལུང་གཞན་གྱི་སྤུན་ཟླས་མེ་ཤིང་དང་རྩམ་པ། ཞོག་ཁོག བཙུགས་ཕྲུག་སོགས་ཞལ་འདེབས་རྒྱག་པ་སོགས་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ནས་ཚར་ཐབས་མེད། མདོར་ན། མི་འདོད་གནམ་ནས་ཆག་སྒོ་ཆེན་པོ་ལྷུངས་རྗེས། སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན་ཁག་གི་རོགས་སྐྱོར་ཤུགས་ཆེན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བརྩེ་སེམས་ཀྱི་ལག་གདང་དམ་པོར་སྦྲེལ་ནས་ཡོམ་འགོག་གེགས་སེལ་བྱས་པས་དཀའ་ངལ་ཡོད་ཚད་ལས་རྣམ་པར་བརྒྱལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་དང་སྐྲུན་མུས་ཡིན་ལ། དེ་བས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་ཡོངས་ནས་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོའི་གླུ་དབྱངས་སྙན་མོ་གང་སར་གྲགས་བཞིན་ཡོད།
སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་དང་དེའི་རྣམ་ཤེས་ལྟ་བུར་གྱུར་བའི་བཅིངས་འགྲོལ་དམག་མི། དྲག་ཆས་ཉེན་རྟོག་པ། མེ་གསོད་རུ་ཁག སྨན་བཅོས་མི་སྣ་སོགས་ཀྱི་ཐབས་བརྒྱ་ཇུས་སྟོང་གིས་རོཌ་སྐྱོར་དང་། རྒྱལ་ཡོངས་ཀྱི་མ་སྐུལ་དང་བླངས་པ་མང་པོས་རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་གྱི་འཁོས་བབ་ལ་གཞིཌ་ནས་རོགས་སྐྱོར་ཆེ་ཆུང་སྣ་ཚོགས་བྱས་པ་ལས། དིང་རིའི་མི་དམངས་ཀྱི་འཚོ་བ་དཔྱིད་ཀྱི་ས་བོན་དང་འདྲ་བར་རེ་བས་ཁེངས་བཞིན་ཡོད་ལ། མི་རིང་བར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ངེས་ཡིན། དེས་ན། གུས་པས་དེ་རིང་དིང་རིའི་མི་དམངས་ཡོངས་ཀྱི་ཚབ་ཞུས་ནས། འཁྱག་དུས་གོས་དང་ལྟོཌ་དུས་ཟས་སྐྱེལ་མཁན་བྱམས་བརྩེའི་རོགས་སྐྱོར་གནང་མཁན་མི་སྣ་ཡོད་ཚད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་ཡོད་པས་ང་ཚོ་སྐྱོ་སྡུག་གི་ཀློང་དུ་བློ་ཕམ་མེད་པ་དང་། ཁྱེད་ཚོ་ཡོད་པས་ང་ཚོ་ཆག་སྒོ་ཆེན་པོ་ལས་རྒྱལ་བྱུང་། ཁྱེད་ཚོ་ཡོད་པས་ང་ཚོའི་འཚོ་བར་རེ་བས་ཁེངས་སོང་།
རང་བྱུང་གནོད་འཚེ་ལ་བརྩེ་བ་བྲལ་ན་ཡང་། མི་ཡུལ་ན་བརྩེ་བས་ཁེངས་ཤིང་། མི་སེམས་ལ་སྙིང་རྗེ་ལྡན་པས། རོགས་སྐྱོར་མི་སྣ་ཡོད་ཚད་ལ་གུས་པས་བསྐྱར་དུ་ཐུགས་རྗེ་ཞུ་རྒྱུ་ཡིན་ལ་ང་ཚོས་ཀྱང་སྡུག་བསྔལ་དང་བློ་ཕན་ཡོད་ཚད་སེམས་ཤུགས་སུ་བསྒྱུར་ནས་མུ་མཐུད་འཚོ་བར་དགའ་ཞེན་དང་གཅེས་སྤྲས་བྱེད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་དང་ཤེས་རབ་ལེགས་སྐྱེས་འབུལ་ངེས་ཡིན།