ཆང་གི་ཉེས་སྐྱོན།
དེ་རིང་ཏག་ཏག་གཟའ་མཇུག་ཡིན་པས་ཁྱི་སྐྱག་དང་ལས་རོགས་གཉིས་ཀུང་སིའི་སྤྱི་ཤག་གི་ཚོམས་ཆེན་དུ་ཕོ་རོག་གཏོར་མ་སྒུག་སྒུག་ཟླ་འདིའི་གླ་ཕོགས་ལ་སྒུག་བཞིན་ཁ་པར་ལ་མིག་བཅེར་ནས་ཡོད། ཏག་ཏག་རེད། སྤྱང་གཏམ་གླེང་བས་སྤྱང་ཀི་སླེབས་བྱུང་ཟེར་བའི་ཁ་དཔེ་ལྟར་ཏི་ལིང་ཟེར་བའི་འཕྲིན་ཐུང་མགོན་སྐྱབས་འདྲ་བ་དེས་ཁོང་ཚོ་གསུམ་པོར་རྒྱན་ཤོག་ཁྲི་ཆིག་སྟོང་ཐོབ་པ་ལྟར་དགའ་བ་འབུམ་གྱིས་མྱོས། དོན་དུ་ཁྱི་སྐྱག་ལ་གླ་ཆ་བཞི་སྟོང་ཙམ་ལས་མེད་ཀྱང་དོ་ནུབ་ལས་རོགས་གཉིས་དང་མཉམ་དུ་གཡུང་དྲུང་སྤྲོ་སྐྱིད་ནང་མ་ཁང་ལ་འགྲོ་བའི་གྲོས་འཆམ། ཕོ་གཞོན་ཤ་དར་ཁྲག་དར་གསུམ་གློག་རྟ་ལ་བཙན་གྱིས་བཞོན་ཏེ་ཤར་རེར་གློག་དམར་འཁྱུག་པ་ལྟར་དགོང་ཟས་ཟ་བར་བསྐྱོད། ཚང་མས་དཔེ་གསར་ཅན་གྱི་རྫི་དོར་ཧྲལ་ཧྲུལ་དང་། གླང་མགོ་བརྒྱབ་པའི་ཀོ་བའི་སྟོད་ཐུང་དམར་སྨུག དེ་བཞིན་ཀོ་ལྷམ་རྩེ་རིང་བཅས་གཅིག་པ་གཅིག་རྐྱང་གྱོན་ཡོད་ལ། གཟུགས་པོའི་ཆེ་ཆུང་དང་རྒྱགས་ལོད་ཀྱང་ཨ་ན་མ་ན་ཡིན་པས་མཚེ་མ་མིན་ནམ་སྙམ་པའི་ཚོར་སྣང་སྟེར། ཁྱི་སྐྱག་གི་མགོ་སྐྲ་སེར་པོ་ཉུང་ལ་ཐུང་བ་དེ་སུ་ལུ་ཤིག་ཤིག་ཏུ་བཟོས་ཡོད་པ་དང་གདོང་ལ་ས་ཁྲ་ལྟར་གྱི་སྲེ་བོས་ཁྱབ་ཡོད་པས་གཞན་པ་གཉིས་དང་ཅུང་མི་འདྲ། ཁྱི་སྐྱག་དང་ལས་རོགས་གཉིས་པོས་ལམ་ཟུར་གྱི་སྟབས་ཟས་ཁང་ཞིག་ནས་དགོང་ཟས་སྟབས་བདེ་རེ་མངགས་ནའང་རོ་བཅུད་དང་ལྡན་པ་ཞིག་ཡོང་ཐབས་བྲལ་ཏེ་སེམས་པ་སྔ་ས་ནས་གཡུང་དྲུང་ནང་མ་ཁང་གི་ཕྱོགས་སུ་དབང་མེད་དུ་ཤོར་ཟིན། ནང་མའི་བདེ་སྲུང་མི་སྣས་ཁོང་ཚོའི་ལུས་ལ་གྲི་སོགས་ཀྱི་མཚོན་ཆ་ཡོད་མེད་ཞིབ་བཤེར་ནན་པོ་བྱས་རྗེས་གཞི་ནས་ཡུན་རིང་སྒུག་པའི་གཡུང་དྲུང་ནང་མ་ཁང་གི་མཚན་མོའི་སྣང་བ་སྐྱིད་པོ་དངོས་སུ་མྱོང་འགོ་ཚུགས། ཁྱི་སྐྱག་གིས“ང་ཚོ་ལས་རོགས་འཛོམས་པ་རིན་ཆེན་གསེར་ལས་དཀོན་པས་དོ་དགོང་སྐྱིད་པོ་བྱས་ཏེ་སྡོད་ཨང་། པད་སྒྲོན་ཤེལ་དམ་ཉི་ཤུའི་ཆང་རིན་ང་རང་གིས་བཏོན་ཆོག”ཟེར་བཞིན་གཡས་གཡོན་སུ་བལྟས་པས། དེ་སྔ་སྦི་རག་བཟོ་གྲྭར་ལས་ཀ་བྱེད་སྐབས་ཀྱི་ངོ་ཤེས་རྙིང་པ་བུ་མོ་བདེ་སྐྱིད་ཕ་གིའི་སྒྲོག་ཙེ་ནས་འཛུམ་གྱིས་ལྟ་བཞིན་ཡོད་པ་མཐོང་། ཁྱི་སྐྱག་གིས་སྡོད་ས་བཙལ་རྗེས་ལས་རོགས་གཉིས་ལ་གསུམ་སྦྲེལ་ཞབས་ཏག་ཟེར་བ་ལུས་ཡོངས་ལྷོད་ཤིག་ཤིག་ཏུ་བབས་པའི་སྣང་བ་ཞིག་རྒྱབ། ལས་རོགས་གཉིས་པོས་ཀྱང་ཁྱི་སྐྱག་ལ་ཐུགས་རྗེའི་ཚུལ་གྱིས་ལྦུ་ཆང་དྲངས་པ་དང་། ཡུད་ཙམ་ལ་སྟོང་པར་གྱུར་བའི་ཤེལ་དམ་བཅུ་གྲངས་ཁ་ཤས་སིང་སྒྲ་དང་བཅས་ཤོག་སྒམ་ནང་དུ་བསྐྱུར་བ་ལ་བལྟས་ན་ཉིན་འགའ་སྐོམ་པས་གདུང་བ་དང་གཉིས་སུ་མ་མཆིས།
“མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །ཁྲལ་བ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཡོད། །”དོ་ནུབ་དུས་ཀྱི་འཁོར་ལོ་དལ་དུ་གཏོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་སྐུ་མགྲོན་ཚོའི་ལུས་ངག་ཡིད་གསུམ་ལ་བཅིངས་འགྲོལ་ཐོབ་སྟེ་འཇིག་རྟེན་ཡོལ་བའི་རྒྱབ་ཀྱི་རྒྱུན་མཐུད་འཁྲབ་ཚན་ལེའུ་གསར་པ་ཞིག་འཁྲབ་འགོ་ཚུགས། དེང་དུས་དར་ཁྱབ་ཆེ་བའི་སྒོར་གཞས་བཀྲ་ཤིས་རྟགས་བརྒྱད་ཅེས་པའི་དབྱངས་ཀྱི་འགྱུར་ཁུག་སྙན་པོས་རྒན་དར་གཞོན་གསུམ་གྱི་ར་བཟི་བའི་ལུས་ཀྱི་ཞིང་ལ་སྐྱིད་སྣང་སེམས་ཀྱི་མེ་ཏོག་བཞད།
ཁྱི་སྐྱག་གིས་མིག་གི་མདའ་མོ་བདེ་སྐྱིད་ལ་འཕངས་པས་མོས་འཛུམ་ཆུང་ཞིག་དགོད་ཞོར་གར་སྟེགས་ཕྱོགས་སུ་སྒོར་གཞས་འཁྲབ་པར་འགྲོ་བའི་ལག་བརྡ་བྱས་པ་དེས་ཁྱི་སྐྱག་ནི་སྤྱང་ཀི་ཤ་ལ་རྔམ་པ་བཞིན་གོམ་ཁ་རང་དབང་མེད་པར་གར་སྟེགས་སུ་བསྒྱུར། སྒོར་གཞས་ཀྱི་འགྱུར་ཁུག་དང་འཇའ་ཚོན་སྣ་ལྔའི་གློག་འོད་ཀྱི་འཁྱུག་སྟངས་དང་བསྟུན་ནས་ཡོ་ལང་ཆེ་བའི་ཞབས་བྲོའི་སྟང་སྟབས་ལང་མ་ལིང་བྱེད་པ་དང་ཁྱི་སྐྱག་གིས་བརྩེ་དུང་གི་མིག་བརྡ་གློག་འོད་ལ་འགྲན་པ་བཞིན་བདེ་སྐྱིད་ལ་ཡང་ཡང་འཕེན་ནའང་བདེ་སྐྱིད་ཀྱིས་དེ་ལ་སྣང་བ་དེ་ཙམ་མི་གཏོང་། ཁྱི་སྐྱག་གིས་རྐང་བཙུགས་ནས་ཞབས་བྲོ་དེ་ཙམ་མི་ཤེས་པའི་ཁུལ་གྱིས་བདེ་སྐྱིད་ཀྱི་རྐང་པའི་འདེགས་འཇོག་དང་ལུས་ཀྱི་ཉམས་འགྱུར་ལ་ལད་ཟློས་བྱས་ཏེ་གཡོ་སྒྱུའི་ལྕགས་སྐྱུ་བདེ་སྐྱིད་ཀྱི་སེམས་ཀྱི་ཉ་མོར་གཡུགས་གང་ཐུབ་བྱེད། བདེ་སྐྱིད་ནི་ངོ་ཤེས་རྙིང་པ་ཐུག་པའི་སྤྲོ་སྣང་གིས་གདོང་ལ་པད་མའི་འཛུམ་ཞལ་ལྷུག་པོར་གྲོལ་བ་ལས། མི་འདོད་སད་སེར་གྱི་འཇིགས་པས་བཅོམ་པའི་དོགས་ཟོན་ཅི་ཡང་མེད་པར། མགོ་བོ་རུབ་རུབ་ཀྱིས་སྒྲོག་རྩེ་གཅིག་ལ་ཟླ་སྒྲིལ་བཏང་། དང་ཐོག་ཁྱི་སྐྱག་ནས་བདེ་སྐྱིད་ལ་ངོ་ཤེས་རྙིང་པ་ཡིན་ཁུལ་དང་འཆམ་པའི་འཆམ་ལུགས་ལུང་པ་གང་བཤད་དེ་ངོ་ཆང་བསྟུད་མར་བཀྱགས། ཕྱོགས་གཉིས་ཕན་ཚུན་རང་ཉིད་ངོ་སྤྲོད་བྱེད་ཞོར་སྦུ་ཆང་ཤེལ་དམ་སྟོང་པ་གཡུག་པའི་སིང་སྒྲ་སྔར་ལས་ཇེ་དྲག་ཇེ་མགྱོགས་སུ་བཏང་། “དགའ་བའི་དུས་སུ་སྐྱིད་སྣང་མ་ཚོར་ན། དལ་འབྱོར་མི་ལུས་ཐོབ་ཀྱང་སྟོང་པ་རེད། སྐྱིད་པོ་སོ་སོས་མ་བྱས་ན་སྡུག་པོ་མིས་གཏོང་གི་རེད། དོ་ནུབ་སྐྱིད་པོ་ཡིན་དཱ”ཟེར་བཞིན་ཕན་ཚུན་དགའ་བའི་འཛུམ་དང་རྩེད་པའི་སྒྲ སྐྱིད་པའི་གཏམ། འཁྱུད་པའི་རེག་བྱ་བཅས་ནི་ཕོ་མོའི་གཉིས་སྦྱོར་འདོད་པའི་བདེ་བ་བརྩམས་པར་བྱ་བའི་སྔོན་འགྲོ་དེ་ཡིན། དགའ་བའི་དུས་སུ་དུས་ཚོད་ནི་རིང་དུ་གཏོང་བའི་ཐབས་མེད་པས་དུས་ཀྱི་འཁོར་ལོ་ནི་མིག་ཡུད་ཙམ་ལ་ནམ་གུང་ཆུ་ཚོད་གསུམ་པར་བསླེབས་ཟིན་ལ། ཁྱི་སྐྱག་དང་ལས་རོགས་གཉིས་པོས་བདེ་སྐྱིད་བསྐྱོར་ཏེ་བོགས་གཏོང་ཁང་དུ་བསྐྱལ་རྗེས་ཁོང་ཚོ་གསུམ་པོ་རང་རང་གི་འདུག་གནས་སུ་ལོག
དེ་རིང་ནི་གནམ་རྒན་མས་སུ་ཞིག་ལ་མྱ་ངན་ཞུ་བ་དང་མཚུངས་པར་གནམ་འཐིབས་པ་ལ་ཕྱོགས་བཞི་ངེས་མེད་ནས་རྒྱུ་བའི་སྟོན་རླུང་གདོང་ལ་ལྷག་ཏུ་གཟན། ཁྱི་སྐྱག་ལ་ཞོགས་ཟས་ཀྱི་དང་ག་མེད་པར་སྤྱི་ཤག་ཏུ་སྤྱང་ཀི་ཁྲག་གི་བཟི་བ་ལྟར་དབུགས་ཧལ་ཧལ་དུ་ཉི་མ་བསྲོ་བཞིན་ཡོད་ནའང་། སེམས་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་ལྷོད་ལ་གཏན་ནས་ཕོབ་ཐབས་བྲལ་བའི་སྐབས་དེར་སྤྱི་ཤག་གི་སྒོ་འགྲམ་དུ་མི་དམངས་ཉེན་རྟོག་པ་གསུམ་གྱིས་ཁྱི་སྐྱག་ཕྱིར་སྐད་བཏང་བས་ཁོ་ནི་གནམ་ལ་འཕུར་བའི་གཤོག་པ་མེད་ལ་ས་ལ་འཛུལ་བའི་རྫུ་འཕྲུལ་ཡང་མེད་པས་མགོ་བོ་ཅུང་དུད་ཅིང་ལག་གཡས་པས་མགོ་བོར་འཕུར་ཙམ་འཕུར་ཙམ་དང་ལྕེ་འདོམ་པ་གང་བསྣར་ནས་མདང་ནུབ་ཀྱི་ནག་ཉེས་ལ་ངོས་ལེན་བྱེད་པ་དང་གཉིས་སུ་མ་མཆིས། ཁྱི་སྐྱག་ཉེན་རྟོག་པས་ཁྲིད་པའི་སྐོར་རང་གི་ལས་རོགས་ཚོས་མི་ཤེས་ལ་རང་གི་ཕ་ཡུལ་གཞིས་རྩེར་ཡོད་པའི་ཕ་མ་གཉིས་ཀྱི་དེ་བས་གང་ནས་ཤེས། འོན་ཀྱང་ཕ་རྒན་དོན་གྲུབ་ནི་ཉིན་ལྟར་བུ་ལ་ཁ་པར་གྱི་ལམ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་པའི་གོམས་གཤིས་ཡོད་པས་དེ་རིང་ཉིན་གང་པོར་ཁ་པར་ཁ་བཀག་པ་དེས་སེམས་ཁྲལ་གྱིས་བཟས་པའི་ལྟོ་ལ་བཅུད་མེད་ལ་བཏུངས་པའི་ཆང་ལའང་བྲོ་བ་མ་རྙེད། དེ་ལྟར་ཉིན་གསུམ་ཙམ་བསྒུགས་ཀྱང་རེ་བ་ནི་སྟོང་ཟད་དུ་གྱུར་བས་སྟོན་ལས་ཀྱི་བྲེལ་འཚུབ་བསྐྱུར་ནས་འཇིགས་སྣང་དང་དོགས་འཆར་གྱི་རྣམ་རྟོག་རེས་མོས་སུ་འཆར་ཏེ་ཉི་མ་ལྷ་སའི་ཕྱོགས་སུ་ཁྱི་སྐྱག་གི་ཤི་གསོན་ལ་མྱུར་དུ་ཤེས་རྟོགས་བྱེད་པར་ཐོན། ལྷ་སར་འབྱོར་མ་ཐག་ཐབས་ཤེས་གཅིག་རང་དང་རེ་བ་ཉག་གཅིག་ནི་ཁྱི་སྐྱག་གི་ཀུང་སིའི་སྤྱི་ཤག་གི་འགྲམ་དུ་མངགས་གཏོང་ཁང་ཞིག་ཡོད་པ་དེའི་མི་དམངས་ཉེན་རྟོག་པར་རེ་བ་ཞུས་ནས་གང་མགྱོགས་ཤི་གསོན་གང་ཡིན་རྩད་གཅོད་བྱ་རྒྱུ་དེ་རང་རེད།
མངགས་གཏོང་ཁང་དུ་སླེབས་རྗེས་ཁྱི་སྐྱག་ནི་བཀག་ཉར་ཁང་དུ་ཁྲིད་ཟིན་པས་ཐུག་ཐབས་བྲལ་ལ། ཁྱི་སྐྱག་གིས་འཁྲབ་པའི་འཇིག་རྟེན་ཡོལ་བའི་རྒྱབ་ཀྱི་གློག་བརྙན་དེ་ནི་དེ་འདྲའི་སྐྱོ་གར་ཞིག་རེད་ཨང་། སྨྱོ་ཆུ་ཁ་ལ་བཏུངས་ནས་ཁོག་ལ་འདོན་འདྲེ་བཞུགས་ཤིང་། སེམས་སུ་འདོད་པའི་མེ་ལྕེ་རབ་ཏུ་འབར་བའི་ཁྱི་སྐྱག་མདང་ནུབ་ལས་རོགས་དང་མཉམ་དུ་སྤྱི་ཤག་ཏུ་ལོག་རྗེས་ལས་རོགས་གཉིས་པོ་གཉིད་ཀྱིས་བཟི་བ་དང་བསྟུན་ནས་ཁ་ཕྱིར་བསྐོར་ཏེ་སླར་ཡང་བདེ་སྐྱིད་ཀྱི་བོགས་གཏོང་ཁང་པར་འཛུལ། བདེ་སྐྱིད་སྐྱེལ་བར་འགྲོ་སྐབས་ལྐོག་ཏུ་སྒོ་མ་གཏད་པར་ཕྱིན་པས་ཐད་ཀར་བདེ་སྐྱིད་ཀྱི་ཁང་པའི་ནང་འཛུལ་བ་དང་། བདེ་སྐྱིད་ནི་ར་བཟི་ནས་གྱོན་པ་རང་འཇགས་གྱོན་ནས་བདུད་ཨ་གཅུང་གཉིད་ཤོར་ཤོར་དང་གཡག་རྒོད་པོ་སྔུར་སྒྲ་སྒྲོག་སྒྲོག་ལས་ཁྱི་སྐྱག་ཇི་ལྟར་རང་གིས་ཉལ་ཁང་དུ་འཛུལ་བའང་མ་ཤེས། ཁྱི་སྐྱག་གིས་མི་འདོད་བཙན་གྱིས་སྦྱོར་བ་རྩོམ་པའི་ཚེ། ད་གཟོད་གཉིད་ལས་བསད་དེ་དངངས་སྐྲག་དང་བཅས་ཤུགས་ཀྱིས་བུས་པ་དང་ཁ་པར་གློག་སྤར་ནས་ལྟ་སྐབས་ཁྱི་སྐྱག་གི་བྱེད་སྟངས་ལ་ཧ་ལས་ཤིང་ཧོན་ཐོར་ནས་རེ་ཞིག་སྐད་ཆའང་མ་ཐོན་པར་ལུས། ཁྱི་སྐྱག་གིས་ཁ་ནས་བརྩེ་བ་བརྒྱ་དང་དགའ་པོ་སྟོང་ཡོད་ལུགས་ཤོད་བཞིན་མུ་མཐུད་བདེ་སྐྱིད་ཀྱི་སྟེང་དུ་མཆོངས་ཡོང་བ་དང་། བདེ་སྐྱིད་ཀྱིས་བཟའ་ཚང་དང་ཕྲུ་གུ་ཡོད་པའི་སྐོར་ངག་འཇམ་པོས་བཤད་ནའང་སྨྱོ་ཆུས་གདོན་ཁོག་ལ་ཞུགས་པ་ལྟར་ཉན་རྒྱུ་ལྟ་ཅི། བཙན་ཤེད་ལོག་གཡེམ་གྱི་སྦྱོར་བ་རྩོམ་རྩིས་བྱེད་པས། བདེ་སྐྱིད་ཐབས་ཟད་དེ་110ལ་ཁ་པར་བརྒྱབ། ཁ་པར་གྱི་ཏུའུ་སྒྲ་གྲགས་པས་ཁྱི་སྐྱག་དངངས་ནས་བདེ་སྐྱིད་ཀྱི་ཁ་པར་འཕྲོག་རྩིས་བྱེད་སྐབས་ལུས་མ་ཚུགས་པར་བདེ་སྐྱིད་ཀྱི་སྟེང་ལ་འགྱེལ་བས་བདེ་སྐྱིད་ཀྱི་མགོ་སྒྲོག་ཙེའི་ཟུར་ལ་བརྡབས་ནས་དཔྲལ་མཚམས་ནས་ཁྲག་ཆིལ་ཆིལ་དུ་རྒྱུག་ཡོང་བ་དང་འཁྲིས་སུ་ཟགས་པའི་ཁ་པར་ནས་ཉེན་རྟོག་པས་དོན་དག་ཅི་ཡོད་སྐད་ཆ་དྲིས་འོང་བས། རང་ཉིད་ཀྱི་སྡོད་གནས་བཤད་དེ་སྐྱོབ་རོགས་ཞུས་པས། ཁྱི་སྐྱག་ཞེད་སྣང་དང་བྲེད་ཤ་དུས་གཅིག་ཏུ་ལངས་ནས་གློག་འཁྱུག་པ་ལྟར་བྲོས།
དེ་དག་ཚང་མ་གློག་བརྙན་ཞིག་དང་འདྲ་བར་ཕ་དོན་གྲུབ་ཀྱི་མིག་ལམ་དུ་ཁྲ་ཆིལ་ལེར་གསལ་བས་ལྗིད་ཏིག་ཏིག་གི་སེམས་སུ་ད་ནི་རང་ཁྱིམ་ཕ་མའི་མདུན་དུ་འགྲོ་ཞི་མི་ལས་མཁས་ཤིང་། སྡོད་རི་བོང་ལས་ཙོག་པའི་བུས་གཞན་ཡུལ་རྒྱུས་མེད་ཐང་དུ་ཁྲེལ་མེད་ཀྱི་ལས་འདི་ལྟ་བུ་བརྩམས་པ་ལ་སྐྱོ་སྣང་དང་ཁོང་ཁྲོ། སྙིང་རྗེ་ཡུག་གཅིག་ཏུ་འཇབ་ནས་འོང་། ད་ཆ་ཁྱི་སྐྱག་བཀག་ཉར་ཁང་དུ་ཉར་ནས་དཔང་རྟགས་ཁུངས་བཙན་ཡིན་མིན་གྱི་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། སྟབས་ལེགས་པ་ཞིག་ལ་བུ་མོ་བདེ་སྐྱིད་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་སྨན་ཁང་ལ་བསྐྱལ་བས། དཔྲལ་བའི་རྨ་ལ་ཚེམ་བུ་འགའ་བརྒྱབ་པ་ལས་མགོ་རུས་དང་ཀླད་པ་སོགས་ལ་སྐྱོན་གང་ཡང་མེད་པས། ད་ཆ་སྨན་ཁང་ནས་དོན་ཟིན་པ་རེད།
ཕ་དོན་གྲུབ་ཀྱིས་ཉེན་རྟོག་པར་ཞུ་བ་ཡང་ཡང་ཕུལ་ནས་རག་པའི་བདེ་སྐྱིད་དང་ཁོང་གི་བཟའ་ཟླའི་ཁ་པར་ཨང་གྲངས་ལ་ལྟ་བཞིན་སེམས་བློང་བློང་པོར་གྱུར། བདེ་སྐྱིད་ནི་དེ་སྔ་སྦི་རག་བཟོ་གྲྭ་ནས་མཐོང་མྱོང་ལ། ངོ་ཕྲན་བུ་ཤེས་ནའང་ད་ནི་ཁ་པར་རྒྱག་པའི་སྤོབས་པ་མེད་ལ། སྐད་ཆ་འགོ་ཇི་ལྟར་འཛུགས་པ་དང་མཇུག་ཇི་ལྟར་བསྡུ་བའང་མི་ཤེས་པས། སེན་འབྲད་མང་པོ་ཐེབས་པའི་ཁ་པར་དྲེག་ཆགས་དེའི་མཐེབ་གཞོང་གི་ཨང་གྲངས་ཟུབ་ནས་གསལ་ལ་མི་གསལ་དུ་གྱུར་ཡོད་ནའང་བློ་ཁོག་ཡོད་ཚད་བཏོན་ནས་བདེ་སྐྱིད་ཀྱི་ཟླ་བོ་འཇམ་དབྱངས་ཀྱི་ཨང་གྲངས་མནན། ཏུའུ་ཏུའུ་་་་་་་་་་་་“རྒན་ལགས། ང་ཁྱི་སྐྱག་གི་ཨ་ཕ་ཡིན། དེ་རིང་ཆེད་མངགས་ཕ་ཡུལ་ནས་ཡོངས་ཏེ་ཁོས་བསགས་པའི་ཉེས་པར་ནང་ཁུལ་དུ་འདུམ་འགྲིག་ཡོང་བའི་རེ་བ་ཡོད། རྒན་ལགས་ཁྱེད་རང་ལ་རེ་བ་གང་ཡོད་གསུངས་རོགས་གནང་། ཁོས་འདི་འདྲ་བྱས་ཡོང་བསམ་བསམ་མ་བྱུང་། ཉིན་གུང་ཆུ་ཚོད་གཉིས་པར་ང་དེང་རབས་ཁྲོམ་གཞུང་གི་ལྕགས་ཐག་ཟ་ཁང་དུ་སྒུག་གི་ཡིན། ཁྱེད་རང་ཡིན་གཅིག་ཕེབས་རོགས། ང་གཉིས་གདོང་ཐུག་ནས་བཀའ་མོལ་གནང་ཆོག”ཟེར་བཞིན་ཉིས་ཐོག་གི་སྒྲོག་ཙེ་གཅིག་ཏུ་ཤ་འབྲས་ཕོར་པ་གཉིས་དང་ཇ་མངར་མོ་ཉིས་དམ་གཅིག་ཉོས་ཏེ་འཇམ་དབྱངས་སྒུག་ནས་བསྡད། ཇ་ཡུན་གཅིག་གི་དུས་ནས་འཇམ་དབྱངས་སླེབས་པ་དང་ཕ་དོན་གྲུབ་ཀྱིས་ལྕེ་སྣར་ཙམ་དང་མགོ་བོ་དུད་ཙམ། ལག་པ་འཕུར་ཙམ་བྱས་ཏེ་སྐད་ཆ་འགོ་གང་ནས་འཛུགས་དགོས་པའང་མ་ཤེས་པའི་སྐབས་དེར། འཇམ་དབྱངས་ཀྱིས་ཁ་པར་ནས་གློག་མིག་ཏུ་གསལ་བའི་བརྙན་ཟློས་བསྟན་ནས“པཱ་ལགས་ཁྱེད་རང་གི་བུས་འདི་འདྲ་བྱེད་སྲིད་མདོག་མེད་ཟེར་གྱི་རེད། བྱེད་སྟངས་ངན་པ་འདིར་བལྟས་ནས་ངས་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་རྒྱུའི་རེ་བ་ཞུས་པ་ཡིན། ཁྱེད་རང་གིས་ནང་མོལ་བྱས་ཏེ་དངུལ་གྱི་ཐག་གཅོད་བྱེད་ཀྱི་ཟེར་ན་སྨན་རིན་དང་སེམས་གསོའི་དངུལ་སྒོར་ཁྲི་གསུམ་དགོས། དེ་ལྟར་བྱུང་ན་ངས་ཁོང་གཉིས་སྔོན་མ་ལས་རོགས་ཡིན་པའི་ངོ་ལ་བལྟས་ནས་ཁྲིམས་ཁང་ལ་ཁྲིམས་ཀྱི་ཆད་པ་ཆག་ཡང་གཏོང་རྒྱུའི་རེ་བ་ཞུས་ཆོག ཡིན་ནའང་ཁྲིམས་ཆད་ཕོག་རྒྱུ་གཏན་འཁེལ་རེད། བཙན་གཡེམ་ལམ་ལྷོངས་མ་བྱུང་ནའང་མི་གཞན་ལ་རྨས་སྐྱོན་བཏང་བའི་ཉེས་པ་བསགས་ཡོད་ཙང་ཁྲིམས་ཀྱི་ཆད་པ་ཕོག་སྲིད། ཞིབ་ཕྲ་ཁྱེད་རང་གིས་ཁྲིམས་ཁང་གི་མི་སྣར་བཀའ་འདྲི་གནང་དང་། ཁོང་ཚོས་དྲང་པོ་གསུངས་ཀྱི་རེད” ཕ་དོན་གྲུབ་ཀྱི་བཞིན་མདངས་དམར་སྨུག་ཏུ་གྱུར་ཏེ“རྒན་ལགས་ཁྱེད་རང་ཐུགས་ཁག་མིན་འདུག ངའི་ཁྱིམ་ཚང་གི་གནས་ཚུལ་ཤེས་ཀྱི་མ་རེད། ང་རང་རྐང་ལག་གོག་ལ་གྲུམ་ནད་ཀྱིས་རྐྱེན་པས་རྟག་པར་སྨན་པ་བསྟེན་དགོས་ལ་བཟའ་ཟླ་ཡང་གཟུགས་པོ་ཐང་པོ་མེད་པའི་སྒང་ལ་སྟོད་སྒུར་ཡིན་པས་གོང་རིམ་ནས་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གནང་བྱུང་། ཁྱེད་རང་ཐུགས་ཡིད་མ་ཆེས་ན་འདི་གྲོང་ཚོའི་ཀྲུའུ་རེན་གྱི་ཁ་པར་ཨང་གྲངས་རེད། ངའི་ཁྱིམ་ཚང་གི་གནས་ཚུལ་བཀའ་འདྲི་གནང་དང་། སྐུ་མཁྱེན། རྒན་ལགས། ཁྱི་སྐྱག་ཁོ་རང་གི་གླ་ཕོགས་དེ་རང་ཁ་རང་གསོ་རེད། ཁྱིམ་ཚང་ལ་ངལ་ནུས་གཏན་ནས་མེད། སྒོར་ཁྲི་གཉིས་ཀྱིས་འཐུས་པ་གནང་དང་། དེ་ཡང་ཡུལ་མི་སྤུན་མཆེད་སར་གཡར་ནས་ཆད་ལུས་མེད་པར་ལྗགས་རྩིས་ཞུས་ཆོག སྐུ་མཁྱེན། རྒན་ལགས” འཇམ་དབྱངས་ཀྱིས“ཁྱེད་རང་གི་ཁྱིམ་ཚང་གི་གནས་ཚུལ་དོན་དངོས་ཡིན་གྱི་རེད། ངས་ཀྱང་དེའི་སྐོར་རྩད་གཅོད་བྱེད་དགོས་དོན་མིན་འདུག ཁྱེད་རང་གི་བུའི་བྱེད་སྟངས་དེ་ལ་གཟིགས་དང་དངོས་གནས་ཁོང་ཁྲོ་མི་ལངས་བ་སྲིད་དམ། གནས་ཚུལ་དེས་ཁྱིམ་ཚང་བར་འགལ་ཟླ་བྱུང་བ་མ་ཟད། ལས་ཀ་ཡང་འཐུས་ཤོར་ཉིན་གསུམ་ཕྱིན་སོང་། ཁྱེད་རང་གིས་ཞུ་བ་ཕུལ་བ་ངས་ཀྱང་བསམ་ཤེས་བྱེད་དང་བྱེད། སེམས་ཁྲལ་ཆེ་ཤོས་དེ་ངས་དངུལ་མ་བླངས་ན་ཕྱིན་ཆད་ཁྱེད་རང་གི་བུ་སྐྱག་ལངས་ཤོར་ཏེ་ཆག་སྒོ་དེ་ལས་ཆེ་ཙམ་སློང་མི་ཡོང་བའི་སེམས་ཁྲལ་དང་གཅིག གལ་སྲིད་སེམས་གསོའི་དངུལ་དེ་མ་བླངས་ན། མི་དམངས་ཁྲིམས་ཁང་ནས་ཁྲིམས་ཆད་ཆག་ཡང་བཏང་ཨེ་ཡོང་བསམ་པའི་སེམས་ཁྲལ་དང་གཉིས། ཞུས་ཙང་། སེམས་གསོའི་གྱོང་གུན་སྐྱིན་ཚབ་དངུལ་དེ་སྒོར་ཁྲི་གསུམ་ནས་ཕིང་ཀྱོག་ཀྱོག་གཅིག་གཅོག་ཐབས་མེད”ཟེར་བཞིན་ཐ་མ་ཁ་གཅིག་ལ་མེ་སྤར་ནས་ཤར་རེར་ཟ་ཁང་ནས་ཐོན།
ཕ་དོན་གྲུབ་གྲང་མོར་གྱུར་བའི་ཤ་འབྲས་དང་ཇ་མངར་མོའི་བྲོ་བ་ཡང་མེད་པར་གྱུར་ཏེ་ག་ལེར་ཟ་ཁང་གི་སྒོར་བུད། ཨ་ཙི། ངའི་བུ་ཁྱི་སྐྱག་ལ་གདོན་ཞུགས་པ་མིན་ནམ། ལས་ངན་འདི་འདྲ་བསགས་པ་བསམ་ཡུལ་འདས་སོང་། མ་གཞི་ཁ་དཔེ་ལ་མ་རྐུ་བསམ་པས་རྐུ་མ་བརྐུས། སྤྱན་རས་གཟིགས་ཀྱིས་རྩམ་པ་བགམ་ཟེར་བ་ཅིས་མ་བདེན། ད་ནི་བསགས་བསགས་གྲུང་གྲུང་བྱས་ནས་ཁྲི་གསུམ་སྤྲོད་རྒྱུ་ལས་ཐབས་ཅི་ཡོད། སློབ་གསོ་བརྒྱ་ལས་སྣ་སུན་ཐེངས་གཅིག་དགའ་ཟེར་བ་ལྟར་ད་རེས་སྣ་སུན་ཕོག་ཙང་ཕྱིས་སུ་ལམ་ནོར་ལྡོག་ཤེས་ཐུབ་ངེས་རེད་སྙམ་པ་དང་རང་ལ་སེམས་གསོ་ཕྲན་བུ་བྱུང་།
སྟོན་མཇུག་གི་ཉི་ཟེར་མེ་ལྟར་ཚ་ཞིང་། ངོ་གདོང་དུ་རྔུལ་ནག་གིས་གྲོག་ཤུར་འཐེན་པའི་དྲེག་པ་འབྱིད་ཞོར་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དེ་ལག་ཏུ་བཟུང་། ལྷན་པའི་མེ་ཏོག་གང་བའི་རྫི་སྒྱེ་ཁྲ་ཁྲ་དེ་གོག་ལ་གུག་པའི་ལུས་སྟོད་ནས་བྲང་གཞུང་དུ་བུད་དེ་ཁྱི་སྐྱག་གི་སྤྱི་ཤག་ཏུ་ལོག་རྩིས་བྱས། མ་རེད། ཆུ་དང་མེ་ལ་ཞུ་བ་འབུལ་ས་མེད་ཟེར་ཡང་སྨྲ་ཤེས་དོན་གོ་བའི་མི་ལ་ཞུ་བ་འབུལ་ས་ཡོད་དང་ཡོད་ཅེས་ཁེར་ལབ་རྒྱག་གིན། སླར་ཡང་ཁ་པར་ཟད་ཧྲུལ་དེ་བཏོན་ནས“རྒན་ལགས། དངུལ་དེ་ཁྲི་གཉིས་ཙམ་བྱས་ན་ཡོང་ས་ཨེ་འདུག བུ་ཁྱི་སྐྱག་ཁོའི་གླ་ཆ་རང་ཁ་རང་གསོ་རེད། སྤུན་མཆེད་དཔལ་འབྱོར་ཡག་པ་ཟེར་བ་ནི་མེད། དངུལ་དེ་ང་རང་གིས་ཐབས་བརྒྱ་ཇུས་སྟོང་བྱས་ཏེ་ཁྱེད་རང་ལ་ཕུལ་ཆོག ཁ་སང་དེ་རིང་སྟོན་ལས་བྲེལ་བ་ཆེ་བས་ང་རང་ཡང་མྱུར་དུ་ལོག་དགོས། དགོངས་བཞེས་གནང་རོགས། སྐུ་མཁྱེན། རྒན་ལགས”ཞེས་ལྕེ་སྣར་ཙམ་དང་མགོ་སྒུར་ཙམ་གྱིས་ཁ་པར་ནས་མཐོང་རྒྱུ་ཡོད་པ་བཞིན་དུ་གུས་གུས་ཞུམ་ཞུམ་བྱས། འཇམ་དབྱངས་ཀྱིས“སྤོ་བོ་ལགས། ངས་ད་གིན་ཁྱེད་རང་ལ་གསལ་པོ་བཤད་ཡོད། དེ་ནས་སྐད་ཆ་བྱེད་ཡས་མེད། གལ་སྲིད་ཁྲིམས་ཁང་ནས་དེ་ལས་ཉུང་བ་ཐག་བཅད་ན་ངས་ཐོལ་བ་རྣམས་སློག་ཆོག”ཟེར་ནས་ཁ་པར་བཀག་པས་ཕ་དོན་གྲུབ་ཀྱི་བཤད་བསམ་པའི་སྐད་ཆ་མང་པོ་ཞིག་ཁོག་ཏུ་མིད་རྒྱུ་ལས་མ་འདས། ད་ནི་ཕ་ཡུལ་གྱི་ཡུལ་མི་བློ་མཐུན་པ་ཞིག་གམ་ཡང་ན་སྤུན་མཆེད་སུ་ཞིག་ལ་དངུལ་དེ་གཡར་དགོས། རྒྱུ་མཚན་དེ་གང་བཤད་དགོས། སྟོན་ལས་ཛ་དྲག་དེ་འདྲར་ཉི་མ་ལྷ་སར་སོང་བ་ནི་ཡུལ་མིའི་སྣང་ངོར་དོགས་འཆར་སྤྲིན་ནག་འཁྲིགས་འཁྲིགས་དང་གཏམ་འཆལ་ལུང་པ་གང་བྱུང་བ་ཟློག་ཏུ་མེད་ཨང་། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་དགའ་ས་ཉེ་ས་མང་པོ་ཞིག་ལ་ཞུ་བ་ཕུལ་ནས་སྒོར་ཁྲི་གསུམ་བསྒྱུར་བྱུང་བ་དེ་མི་འདོད་བཞིན་འཇམས་དབྱངས་ཀྱི་ལག་ཏུ་སྤྲད་ཅིང་བྱུང་འཛིན་གཅིག་དང་བསམ་ཤེས་བྱས་པའི་ཞུ་ཡིག་ཤོག་ལྷེ་གཅིག སླད་ཕྱིན་ཆད་ཕྱོགས་གཉིས་བར་འགལ་ཟླ་མི་ཡོང་བའི་འགན་ལེན་ཡི་གེ་གཅིག་བཅས་བཀག་ཉར་ཁང་དུ་སྐྱེལ་བར་སོང་།
བཀག་ཉར་ཁང་གི་ཉེན་རྟོག་པས་ཁྱི་སྐྱག་ལ་ཕ་དོན་གྲུབ་ཀྱི་བྱེད་སྟངས་བྱེད་ལུགས་ཚང་མ་མ་གསང་དྲང་པོར་བཤད་པས། ཁྱི་སྐྱག་གི་སེམས་ཀྱི་ཞིང་ལ་འགྱོད་སེམས་ཀྱི་དྲག་ཆར་བབས་པ་དང་མིག་གི་རྫིང་བུ་ལས་སེམས་འགུལ་གྱི་མིག་ཆུའི་རྡོག་པོ་སྐྱ་ཐལ་ཐལ་གྱི་མཁུར་ཚོས་སུ་བཞུར་ནས་སྔོན་བྱས་རྒྱབ་སྐྱུར་དང་ཕྱིན་ཆད་སྤང་བླང་བྱེད་པའི་དམ་བཅའ་བརྟན་པོ་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་བཞག
དགོང་དྲོ་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ལ་ཁད་དེར་ཕ་དོན་གྲུབ་ནི་དོན་ཆེན་ཞིག་སྒྲུབ་སོང་སྙམ་ནས་དྲེག་པས་འཚོས་པའི་གདོང་ལས་རེ་བའི་འཛུམ་ཆུང་ཞིག་ཤར་བ་དང་དོ་དགོང་ཁྱི་སྐྱག་གི་སྤྱི་ཤག་ཏུ་ཉལ་ནས། སང་ཉིན་ནམ་སྐྱ་མདའ་མ་བཏང་གོང་ནས་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་དེ་ཕ་ཡུལ་རྒྱལ་མཁར་རྩེ་ཡི་ཕྱོགས་སུ་ལོག་རྒྱུའི་སྟ་གོན་བྱས།