2025ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ།
ཚེས་15ཉིན་གྱི་སྔ་དྲོར། 2025ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། 2025ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་དམ་བཅའ་འཇོག་པ་དང་ཐོབ་ཐང་རག་པའི་དགེ་འདུན་པ་དང་། རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་ཁོངས་མི། རྒྱུགས་རོགས་དགེ་འདུན་པ་སོགས་དགེ་འདུན་པ་281མཛད་སྒོར་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་མཚན་གནས་ཐོབ་མཁན་གྱི་དགེ་འདུན་པར་དར་ཚོན་སྣ་ལྔ་དང་། ཤིང་ཏོག ཆོས་གོས་སྣམ་སྦྱར་ཆ་ཚང་གཅིག་བཅས་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཤིས་ཚིག་བསྒྲོན་གནང་ཞིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་ཚབ་ཞུས་ནས་མཚན་གནས་ཐོབ་མཁན་གྱི་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་ཁྱེར་གནང་བ་རེད།
དམ་བཅའ་འཇོག་པའི་མཛད་སྒོ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཡོད། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་དཔྱད་བསྡུར་འོག རྒྱུགས་འབུལ་དགེ་འདུན་པ་13གྱིས་རྒྱུགས་རོགས་དགེ་འདུན་པས་བཏོན་པའི《ཚད་མ་རྣམ་འགྲེལ》དང་། 《ཕར་ཕྱིན》 《དབུ་མ》 《མཛོད》 《འདུལ་བ》བཅས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བ་ཡོད་པའི་ནང་དོན་ཆ་ལག་དང་བཅས་པར་རྟགས་གསལ་འཁྲུག་པོ་བཏང་གནང་བ་རེད།
དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མདོ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་མཚན་གནས་མཐོ་ཤོས་དེ་ཡིན་ཞིང་། མིག་སྔའི་བར། ཁྱོན་དགེ་འདུན་པ་202ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་ཡོད་པ་རེད།