དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་སྲོལ་རྒྱུན་ཐ་སྙད་ཡིག་སྒྱུར་ཁྲོད་ཀྱི་རིག་གནས་ཆད་ལྷག་སྐོར་ལ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཡིག་སྒྱུར་གྱི་དམིགས་ཡུལ་ནི་མི་རིགས་མི་འདྲ་བ་གཉིས་དབར་རིག་གནས་དང་། དམངས་སྲོལ། ཆབ་སྲིད་སོགས་ཕྱོགས་གང་ས་ཅི་ཐད་ཕན་ཚུན་ངོ་སྤྲོད་དང་། རྒྱུས་ལོན། འབྲེལ་འདྲིས་སོགས་བྱེད་པ་ཞིག་ཡིན། དེས་ན་མི་རིགས་གཉིས་ཀྱི་བསམ་བློའི་ལྟ་ཚུལ་དང་རིག་གནས་ཤུགས་རྐྱེན། དེ་བཞིན་དམངས་སྲོལ་སོགས་མི་འདྲ་བའི་ཆ་ལ་སྣང་འཇོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། སྒྱུར་པ་པོས་གང་སྒྱུར་པ་དེ་ཀློག་པ་པོར་ཚིག་ཟིན་ལ་གོ་ཐུབ་པ་ཙམ་མ་ཡིན་པར། དེ་བས་མ་ཡིག་གི་རིག་གནས་བརྡ་དོན་གང་ཡོད་པ་ཆད་ལྷག་མེད་པར་ཚིག་དོན་དུ་ཕབ་ཐུབ་པ་ནི་དེ་བས་ཀྱང་གཙོ་ཆེའོ། དེར་བརྟེན་དམངས་སྲོལ་ཐ་སྙད་འགའ་བསྡུ་རུབ་བྱས་ནས་གང་དེའི་རྒྱ་བོད་ཡིག་སྒྱུར་གྱི་རིག་གནས་ཆད་ལྷག་གི་སྐོར་ལ་དཔྱད་པ་ཅུང་ཙམ་བྱས་ཡོད།

    གཅིག སྲོལ་རྒྱུན་གྱི་མིང་མཐའི་ཐ་སྙད་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན།

    《ལང་ཀར་གཤེགས་པའི་མདོ》ཡི་ནང་། “མིང་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་བས་རྨོངས་པ་བསལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད”ཅེས་གསུངས་པ་ལྟར་དངོས་པོ་མང་ཆེ་བར་རང་རང་སོ་སོའི་ཐ་སྙད་རེ་ཡོད། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིག་གནས་སྤེལ་རེས་ཀྱི་བྱ་བཞག་དེ་ཇེ་མང་ནས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ་སྲོལ་རྒྱུན་གྱི་ཐ་སྙད་ཡིག་སྒྱུར་གྱི་ཡང་དག་རང་བཞིན་ནི་ཧ་ཅང་གལ་ཆེ་བར་མངོན། སྲོལ་རྒྱུན་གྱི་ཐ་སྙད་མིང་བརྡ་རེ་རེའི་རྒྱབ་ལྗོངས་ནས་མངོན་པ་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤ་སྟག་ཡིན་པས། དེ་དག་ཡིག་སྒྱུར་བྱེད་སྐབས་མིང་དོན་མཚུངས་པ་དང་གནད་དུ་འཁེལ་དགོས་པ་གལ་ཆེ་ལ། དེ་བཞིན་རྒྱ་བོད་སྲོལ་རྒྱུན་ཐ་སྙད་ཡིག་སྒྱུར་ཁྲོད་གནས་པའི་འགྱུར་མ་དག་པར་དཔྱད་བཅོས་བྱེད་རྒྱུ་ནི་དེ་བས་གལ་ཆེ།

    གཉིས། རྒྱུན་མཁོའི་འཚོ་བའི་ཡོ་བྱད་ཀྱི་ཐ་སྙད་འགའི་ཡིག་སྒྱུར།

    རྒྱུན་མཁོའི་འཚོ་བའི་ཡོ་བྱད་ཀྱི་སྒྱུར་སྟངས་ཐད་ལ་དཔེ་གཞི་གཉིས་གྱི་ཐོག་ནས་དཔྱད་བསྡུར་བྱས་ཡོད་དེ། དེ་ཡང་དཔེ་གཞི་དང་པོ། ཤ་མར་ཐུད་གསུམ་བོད་ཀྱི་མཆོག་ནོར་ཡིན་པས། དེའི་ནང་ནས་ཕྱུར་བའི་སྒྱུར་སྟངས་ལ་奶渣ཞེས་གཅིག་པོར་སྒྱུར་མཁན་ཡོད། ཡིན་ན་ཡང་ཕྱུར་བར་ལ་ལ་དང་། ལྟ་ཕྱུར། ཕྱུར་སྐམ་སོགས་དབྱེ་བ་མང་དག་ཡོད་པས། ཚང་མར་奶渣ཞེས་སྒྱུར་བ་ན་ཤུགས་སུ་རྒྱུན་མཁོའི་ཐ་སྙད་འགའ་བརླག་སྲིད་པ་མ་ཟད། ཕན་ཚུན་ནོར་ཉེན་ཆེ་བས་རང་སོ་སོར་དབང་བའི་ཐ་སྙད་སྒྱུར་མ་རེ་ཡོད་དགོས་སྙམ། དཔེ་གཞི་གཉིས་པ། འབྲོག་ཁུལ་དུ་མེད་དུ་མི་རུང་བའི་རྒྱུན་མཁོའི་ཡོ་བྱད་མིག་ར་ཞེས་པ་ཞིག་ཡོད་ལ་དེང་སང་དངོས་པོ་གསར་པ་གངས་ཤེལ་ཞེས་པ་ཞིག་ཡོད་རྐྱེན། མི་རྣམས་ཀྱི་བསམ་བློར་雪镜ཡིན་ན་གངས་ཤེལ་ཡིན་པར་ཁྱབ་པའི་ངོས་འཛིན་བྱེད་ཀྱི་ཡོད། གངས་ཤེལ་ནི་མིག་ར་དང་རྒྱུ་ཆ་མི་འདྲ་བས་མཐའ་གཅིག་ཏུ་雪镜ཞེས་བསྒྱུར་ན་མི་ལེགས་པས། དེར་བརྟེན་དེར་ཡང་རང་ལ་དབང་བའི་སྒྱུར་ཞིག་ཡོད་དགོས་པས་སྒྲ་སོར་བཞག་བྱས་ན་ཡང་ཆོག་སྟེ། དཔེར་ན་རྩམ་པ་ལྟ་བུའོ། རང་རྒྱལ་གྱི་ལོ་ཙཱ་བ་མཁས་ཅན་ཅི་ཞན་ལེན་གྱིས་ལོ་ཙཱའི་ཉེན་ཁ་ཞེས་པ་དེའི་ནང་སྒྱུར་པ་པོས་མ་ཡིག་ལ་གོ་བ་བླངས་མེད་པ་དེ་ཤེས་གསལ་དུ་མི་གཞན་ལ་བཀའ་འདྲི་མ་ཞུ་བ་དང་། ཚིག་མཛོད་དང་ཡིག་ཆ་སོགས་མི་འཚོལ་བར་རང་སྣང་གང་ཤར་གྱིས་བསྒྱུར་གྱི་ཡོད་པས། དེར་དོ་སྣང་བྱེད་དགོས་ཞེས་གསུངས་ཡོད་པ་དེ་ནི་ཤིན་ཏུ་བདེན་ནོ།

    གསུམ། ས་མིང་ངམ་ཡུལ་མིང་འགའི་ཡིག་སྒྱུར།

    ས་མིང་ངམ་ཡུལ་མིང་སྒྱུར་སྐབས་འགྱུར་ཡང་མ་དག་པ་མང་པོ་ཐོན་ཡོད་དེ། དཔེ་གཞི་གསུམ་གྱི་ཐོག་ནས་དེ་དག་ལ་དཔྱད་བསྡུར་བྱ་རྒྱུ་ཡིན།

    དེ་ཡང་དཔེ་གཞི་དང་པོ། ཉིང་ཁྲི་རྫོང་ཁོངས་ཀྱི་“八一路”ཞེས་པ་དེར་བརྒྱད་གཅིག་ལམ་ཞེས་བསྒྱུར་འདུག འོན་ཀྱང་དེ་ནི་འགྱུར་མ་དག་པ་ཞིག་ཡིན། རྒྱུ་མཚན་ནི་ས་ཆ་དེར་ཐོག་མར་བྲག་ཡིབ་ཅེས་འབོད་ཀྱི་ཡོད། འོན་ཀྱང་སྐད་ཀྱི་གོམས་འགྲོས་དབང་གིས་བག་ཡིབ་ཅེས་ཆགས་པས་“八一”ཞེས་སྒྲ་སྒྱུར་བྱས་ཡོད་པ་དེ་ཡང་བརྒྱད་གཅིག་ཅེས་བསྐྱར་སྒྱུར་བྱས་ན་མི་རྣམས་ལ་གོ་འཚོལ་སྤྲོད་པའི་ཉེན་ཁ་ཡོད། དེར་བརྟེན་བྲག་ཡིབ་ལམ་ཞེས་སྒྱུར་ན་ལེགས་སྙམ།

    དཔེ་གཞི་གཉིས་པ། “四姑娘山”ལྟ་བུར་སྐུ་ལྷ་རི་ཞེས་རྒྱལ་མོ་ཚ་བ་རོང་གི་སྐད་ཡིན་པས། སྒྲའི་སྐྱེ་གནས་མི་འདྲ་བའི་དབང་གིས། ས་ཀུ་ལ་ཞེས་མགོ་ཅན་དེ་འབུར་ཐོན་སྒོ་ནས་ཀློག་གི་ཡོད་པས། གལ་སྲིད་རྒྱ་ཡིག་ལ་“四姑娘山”ཞེས་བསྒྱུར་ན་མི་རྣམས་ལ་གོ་བ་ལོག་པའི་གནས་ཤིག་སྤྲོད་ངེས་ཡིན་ཏེ། ལྷག་པར་དུ་སྣེ་ཤན་པ་རྣམས་ཀྱིས་གོ་བ་ལོག་པའི་འགྲེལ་བཤད(ལྷའི་བུ་མོ་བཞི་ལྷ་ཡུལ་ནས་ཕེབས་པ་རེད)ཅེས་རྒྱག་གི་འདུག་པས། དེ་ནི་ཡིག་སྒྱུར་གྱི་རྩ་དོན(དོན་དང་མི་འགལ་བ)ཞེས་པ་དེ་དང་རྒྱབ་འགལ་དུ་སོང་ངོ་།

    དཔེ་གཞི་གསུམ་པ། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་གནུབས་མདའ་གྲོང་ཚོའི་གནུབས་ཀྱི་ཡི་གེའི་སྒྱུར་སྟངས་ལ་གླེང་ན། རྒྱ་ཡིག་ཐོག་ནས“努达村”ཞེས་བྲིས་ཡོད་པ་དེ་ནི་ཚད་གཞི་དང་ལྡན་པ་ཞིག་ཡིན། འོན་ཀྱང་བོད་ཡིག་ཐོག་ཏུ་ནུབ་མདའ་གྲོང་ཚོ་ཞེས་བྲིས་ཡོད། ནུབ་ཅེས་བྲིས་ཡོད་པས། དེ་ནི་སྒྱུར་ཡང་མ་དག་པ་ཞིག་རེད། ཅིའི་ཕྱིར་བརྗོད་ན། གནུབས་མདའ་གྲོང་ཚོ་ནི་གཙང་རིན་སྤུངས་ཁུལ་གྱི་ལུང་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་ཡབ་འབངས་རུས་དྲུག་ནང་གི་རུས་མིང་ཞིག་ཀྱང་རེད། རུས་མིང་ཡུལ་ལ་ཐོག་པ་ཡིན་པས་སྒྱུར་དེ་ཡང་གནུབས་ཞེས་བྲིས་ན་དེའི་ཐོག་གི་ལོ་རྒྱུས་དེ་ཡང་བརླག་མི་སྲིད་པས་གཅིག་གོ་ཉིས་ཆོད་ཀྱི་ནུས་པ་ཞིག་ཐོན་ངེས་རེད།

    བཞི། དཔེ་ཆོས་གཏམ་དཔེ་ཁག་གི་ཡིག་སྒྱུར།

    རྒྱ་བོད་གཉིས་ཀྱི་དཔེ་ཆོས་དང་གཏམ་དཔེའི་ཡིག་སྒྱུར་སྐོར་ལ་བརྗོད་ན། སྔར་བསྒྱུར་མྱོང་བའི་ཕན་ཚུན་བབ་མཐུན་གྱི་དཔེ་ཆོས་དང་གཏམ་དཔེ་སོགས་མང་པོ་ཡོད་རུང་། དེ་དག་ལ་མ་ལྟོས་པར་གསར་སྒྱུར་བྱེད་པ་མང་དུ་མཐོང་བ་སྟེ། དཔེར་ན་རྒྱ་སྐད་དུ། 含沙射影ཞེས་པ་ལ་བོད་སྐད་དུ་ཚེར་སྤོང་ལ་སྐོར་ནས་རི་བོང་ལ་འཇབ་རྡོ་ཞེས་ཡོད་རུང་། ལྐོག་གནོད་སྐྱེལ་བ་ཞེས་གསར་དུ་བསྒྱུར་བ་དང་། 对牛弹琴ཞེས་པ་ལ་སྤྱང་ཀི་ལ་ཆོས་བཤད་ཅེས་ཡོད་ཀྱང་བོང་བུའི་རྣ་བར་ཆོས་སྒྲོག་ཞེས་བསྒྱུར་བ། 瘦死的骆驼比马大ཞེས་པ་ལ་འབྲོང་རྒུད་ནས་ཤི་ཡང་གཡག་རྒྱབ་དགུ་ཞེས་བོད་ཀྱི་གཏམ་དཔེར་ཡོད་རུང་། རིད་ནས་ཤི་བའི་རྔ་མོང་ནི་རྟ་ལས་ཆེ་ཞེས་གསར་དུ་བསྒྱུར་བ། ཡང་རྒྱ་སྐད་དུ། 打狗也得看主人ཞེས་པ་ལ་བོད་སྐད་དུ་དགོན་པའི་ཁྱི་ལ་ཞུས་ན། བླ་མའི་ཐུགས་ལ་ཕོག་ཡོང་ཞེས་པའི་གཏམ་དཔེ་ཡོད་རུང་། ཁྱི་རྡུང་བར་བདག་པོར་ལྟ་དགོས་ཞེས་གསར་དུ་བསྒྱུར་བ་དེ་དང་དེ་འདྲ་བ་མང་དུ་ཐོན་ཡོང་བ་སོགས་བོད་རང་གི་སྔར་ཡོད་ཀྱི་ཕུན་སུམ་ཚོགས་པའི་དཔེ་ཆོས་དང་གཏམ་དཔེ་བེད་མ་སྤྱད་པར་གསར་པ་མང་དུ་བསྒྱུར་བ་དེས། སྔར་གྱི་བཀའ་དྲིན་ཅན་གྱི་ལོ་པན་རྣམས་ཀྱིས་དཀའ་བ་དུ་མ་སྤྱད་ནས་བསྒྱུར་བའི་མིང་དང་། རང་མི་རིགས་ཀྱི་དཔེ་ཆོས་དང་གཏམ་དཔེ་རིམ་བཞིན་བརླག་འགྲོ་སྲིད། དེས་ན་ང་ཚོས་དཔེ་ཆོས་དང་གཏམ་དཔེའི་བོད་རྒྱ་ཡིག་སྒྱུར་བྱེད་སྐབས། རྒྱ་བོད་གཉིས་ཀྱི་ཕུན་སུམ་ཚོགས་པའི་དཔེ་ཆོས་དང་གཏམ་དཔེ་མ་བརླག་པ་དང་མི་ཉམས་པའི་ཆེད་དུ། འགྱུར་རྙིང་པའམ་སྔ་མོ་ནས་ཡོད་པའི་མིང་རྣམས་བཙལ་ནས་ཕན་ཚུན་བསྒྱུར་བ་དང་། རྩ་བ་ནས་མེད་པ་དེ་གཞི་ནས་ལོ་ཙཱའི་རྩ་དོན་དང་མཐུན་པར་བསྒྱུར་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བའོ།

    མཇུག་བསྡུ་བ།

    ཡིག་སྒྱུར་ཁྲོད་རིག་གནས་ཆད་ལྷག་གི་སྐྱོན་བྱུང་ན། མི་རིགས་ཤིག་ལ་དམིགས་གསལ་དུ་ཡོད་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་པ་དང་། ལོ་ཙཱ་བ་ལ་ཡང་འགྲན་སློང་དང་དཀའ་ངལ་མི་ཉུང་བ་ཞིག་བཟོ་སྲིད། དེར་བརྟེན་སྲོན་རྒྱུན་གྱི་མིང་བརྡ་དང་ཐ་སྙད་ཡིག་སྒྱུར་བྱེད་སྐབས། ཐོག་མར་མིང་ཚིག་གང་དེའི་ཚིག་དོན་གྱི་ཟུར་ཐོག་ནས་རིག་གནས་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་དགོས་པ་དང་། དེ་རྗེས་རིག་གནས་བརྗེ་རེས་ཀྱི་ཟུར་ཚད་ནས་ཐ་སྙད་ཀྱི་ཁྱད་པར་དང་རིག་གནས་ཀྱི་རིན་ཐང་དང་ལྟ་བ་མི་འདྲ་བ་མཚོན་དགོས། དེ་མིན། མ་ཡིག་མིང་བརྡ་གང་དེའི་ཕྱི་ངོས་ཀྱི་དོན་སྙིང་དང་གབ་པའི་དོན་སྙིང་ངེས་པར་དུ་ཁོང་དུ་ཆུད་དགོས། ལོ་ཙཱ་བ་ནི་རིག་གནས་གཉིས་ཀྱི་འབྲེལ་ཐག་ཅིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་བསམ་ཚོད་ལ་བརྟེན་ནས་ལོ་ཙཱ་བྱེད་མི་རུང་བར་རིག་གནས་ཀྱི་ལྟ་ཕྱོགས་སྔར་ལས་མཐོ་བ་དང་སྔར་ལས་གཏིང་ཟབ་པར་ཁ་ཕྱོགས་དགོས། དེ་ལྟར་བྱས་ན་ད་གཟོད་ཀློག་པ་པོས་རིག་གནས་དེར་ཤེས་རྟོགས་ཐུབ་པ་མ་ཟད། རིག་གནས་དེའི་འབྱུང་ཁུངས་ལ་ཡང་རྒྱུས་མངའ་ལོན་ཐུབ།

    (བོད་ལྗོངས་སློབ་ཆེན་2021ལོའི་ཡིག་སྒྱུར་འཛིན་གྲྭའི་བརྩོན་ཆུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།